ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ས་གནས་ཁག་གིས་སྐྱོ་གདུང་ཆེན་པོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ།

2022-12-02 16:31:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པ་དེ་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ངོས་ནས་བརྗོད་ན་ཚོད་དཔག་བྱེད་ཐབས་བྲལ་བའི་གྱོང་གུན་ཞིག་རེད།

རྒྱལ་ཡོངས་ས་གནས་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱོ་གདུང་ཆེན་པོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ་དང་རྗེས་དྲན་ཟབ་མོ་ཞུས་ཡོད། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐྱོ་གདུང་སྟོབས་ཤུགས་སུ་འགྱུར་བ་བྱས་ནས་རང་སོ་སོའི་ལས་གནས་ཐོག་དེ་བས་འབད་བརྩོན་ཆེན་པོས་ལས་དོན་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཧྲན་ཞི་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱོ་གདུང་ཆེན་པོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ་དང་རྗེས་དྲན་ཟབ་མོ་ཞུས་པ་རེད། སྤྱི་ལོ་2001ལོའི་ཟླ་8པར། བློ་མཐུན་ཅང་ཙེ་རྨིན་གྱིས་དམག་སྡེ་བརྒྱད་པའི་ཐའེ་ཧང་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ཡོད། ཚུའེ་ཧྲའོ་ཀོང་གིས་སྐབས་དེའི་འགྲེལ་བཤད་ལས་དོན་གྱི་འགན་འཁུར་ཡོད། ཚུའེ་ཧྲའོ་ཀོང་གིས། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པའི་གནས་ཚུལ་ཐོས་སྐབས་ང་ལ་སེམས་སྡུག་ཆེན་པོ་བྱུང་། དེ་རིང་ང་ཚོས་སྐྱོ་གདུང་དེ་སྟོབས་ཤུགས་སུ་བསྒྱུར་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་རང་རྟོགས་ངང་མཐུན་སྒྲིལ་བྱེད་པ་དང་། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་ཡོན་གྱི་སྙིང་སྟོབས་མ་ལག་ལག་ལེན་གཏིང་ཟབ་བསྟར་ཏེ་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

སྤྱི་ལོ་1954ལོར། རྒྱལ་ཁབ་ཀྱིས་ཁྲང་ཁྲུན་དུ་རླངས་འཁོར་བཟོ་གྲྭ་དང་པོ་གསར་སྐྲུན་བྱས་པ་དང་། ཆེད་ལས་ཀྱི་ལག་རྩལ་ལས་བྱེད་པ་དང་དོ་དམ་ལས་བྱེད་པ་འབོར་ཆེན་དགོས་པས། བློ་མཐུན་ཅང་ཙེ་རྨིན་གྱིས་ལས་བསྒྱུར་དང་ལེན་གནང་ནས་དེ་གར་ཕེབས་པ་དང་། སྤྱི་ལོ་1955ལོར་སུའུ་ལེན་གྱི་མོ་སི་ཁོའི་སི་ཏ་ལིན་རླངས་འཁོར་བཟོ་གྲྭར་དངོས་སྦྱོང་གནང་བར་ཕེབས་ཡོད། སྤྱི་ལོ་1956ལོར་རྒྱལ་ནང་དུ་ལོག་ཕེབས་རྗེས། བློ་མཐུན་ཅང་ཙེ་རྨིན་གྱིས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། སྤྱི་ཁྱབ་སྒུལ་ཤུགས་བཟོ་བཀོད་པ་གཞོན་པ། སྒུལ་ཤུགས་ཡན་ལག་བཟོ་གྲྭའི་འགོ་འཛིན་བཅས་ཀྱི་འགན་བཞེས། ཀྲུང་གོའི་རླངས་འཁོར་བཟོ་གྲྭ་དང་པོའི་དར་དམར་དར་རྒྱས་བཟོ་གྲྭའི་འཁོར་ཁང་གི་ཀྲུའུ་རེན་ཀྲང་ཧུང་ཧྥེང་གིས། བློ་མཐུན་ཅང་ཙེ་རྨིན་ཀྲུང་གོའི་རླངས་འཁོར་བཟོ་གྲྭ་དང་པོ་འཛུགས་སྐྲུན་དང་། ལས་གཏོད། འཕེལ་རྒྱས་བཅས་ལོ་རྒྱུས་ཀྱི་བརྒྱུད་རིམ་གལ་ཆེན་ནང་ཞུགས་པ་དེས་ང་ཚོའི་མི་རིགས་རླངས་འཁོར་བཟོ་ལས་ཀྱིས་དུས་ཐོག་ཏུ་གོ་སྐབས་དམ་འཛིན་དང་། སྒྱུར་བཅོས་གཏིང་ཟབ་གཏོང་། སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱུང་ཡོད།

ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་དང་། སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ། རླངས་འཁོར་སྟོབས་ཆེའི་རྒྱལ་ཁབ་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་ངེས་ཡིན་ཞེས་བཤད་ཡོད།

མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཞེས་ཨན་ཧུའེ་མ་ཨན་ཧྲན་གྲོང་ཁྱེར་གྱི་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་སློབ་མ་མི་རབས་ནས་མི་རབས་བར་བློ་མཐུན་ཅང་ཙེ་རྨིན་གྱི་ཕྱག་བྲིས་ཕྱག་བསྟར་མ་འདིའི་ཐོག་ཏུ་འཚར་ལོངས་བྱུང་ཡོད། སློབ་གྲྭའི་དགེ་རྒན་ཝང་ཅང་ཡན་གྱིས། ལོ་31གོང་གི་ཕྱག་བྲིས་ཕྱག་བསྟར་མ་འདི་འབྲི་དུས་ཀྱི་རྣམ་པ་ད་དུང་མིག་ལམ་དུ་འཆར་ཡོང་གི་འདུག ད་ཆ། བྱ་སྤྱོད་ངོ་མ་སྤེལ་བ་ནི་མྱ་ངན་ཞུ་སྟངས་ཡག་ཤོས་ཤིག་རེད། སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། ངས་སྐྱོ་གདུང་དེ་སྟོབས་ཤུགས་སུ་བསྒྱུར་ཐོག ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱོ་གདུང་སེམས་སུ་བཅངས་ནས་མདུན་སྐྱོད་ཧུར་ཐག་བྱེད་བཞིན་ཡོད། ཤིན་ཅང་ཕྱུགས་ལས་ཚན་རིག་ཁང་དུ། ཚན་རྩལ་ལས་དོན་པ་རྣམས་ཀྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུ་བ་དང་ཆབས་ཅིག སྔར་ལས་ལྷག་པའི་སྒོ་ནས་ལས་ཀར་འབད་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

བློ་མཐུན་ཅང་ཙེ་རྨིན་གྱིས་“ཞི་བས་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་གནང་ནས། ཤང་ཀང་དང་ཨའོ་མོན་བདེ་བླག་ངང་མེས་རྒྱལ་གྱི་པང་དུ་ལོག་ཐུབ་པ་གནང་ཡོད། ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་ཡོད། ཤང་ཀང་ཧྲན་ཐོའུ་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་ཀྲུའུ་ཞི་ཀའོ་ཕེ་ཤོན་གྱིས། ཤང་ཀང་གི་སྤྱི་ཚོགས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་མུ་མཐུད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་དག་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱལ་ཁབ་རྦད་དེ་གཅིག་གྱུར་དང་དེང་རབས་ཅན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ། ཤང་ཀང་གི་དར་རྒྱས་བརྟན་ལྷིང་བཅས་ཀྱི་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་ཡོད།

ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣ་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་དུ་བཙུགས་པའི་གདུང་ཁང་དུ་ཕེབས་ནས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུས་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཨའོ་མོན་འཕེལ་རྒྱས་ཐབས་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་གཙོ་ཤའོ་ཀྲི་ཝུའེ་ཡིས། ཨའོ་མོན་གྱི་རྒྱ་ཆེའི་གྲོང་མི་ཚོས་འབྱུང་འགྱུར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བྱེད་པའི་ཁྲོད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ལ། རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ཁྲོད་དེ་བས་གལ་འགངས་ཆེ་བའི་སྐུལ་འདེད་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཡང་ཡོད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་ཡོངས་ས་གནས་ཁག་གིས་སྐྱོ་གདུང་ཆེན་པོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པ་དེ་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ངོས་ནས་བརྗོད་ན་ཚོད་དཔག་བྱེད་ཐབས་བྲལ