ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་མང་པོ་ཞིག་ལ་རུབ་བསྡུས་ཐོག་འབར་གཏོར་བྱས་པ་དང་། ཧ་མ་སིས་དབྱི་སི་རལ་དམག་གིས་ཤིས་ཧྥ་སྨན་ཁང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ།

2024-03-20 17:18:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་དམག་དཔུང་གིས་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་ཀ་ཧྲ་ས་ཁུལ་བྱང་རྒྱུད་ཀ་ཧྲ་གྲོང་གི་ས་ཆ་མང་པོ་ཞིག་ལ་མཁའ་ཐོག་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་22རྐྱེན་ལམ་བཏང་བ་དང་མི་འབོར་ཆེན་ཞིག་ཞིག་རོའི་འོག་ཏུ་ལུས་བསྡད་ཡོད། ཀ་ཧྲ་ས་ཁུལ་བྱང་རྒྱུད་ཅེ་པ་ལི་ཡེ་ཡི་ཡུལ་གྱར་བའི་སྒར་ས་ཞིག་གི་མྱུར་སྐྱོབ་དངོས་རྫས་འཇོག་སར་ཉིན་དེར་དབྱི་སི་རལ་དམག་གིས་འཇབ་རྒོལ་ཕོག་ཡོད་པ་དང་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་བཏང་ཡོད། གཞན་ཡང་། དབྱི་སི་རལ་དམག་གིས་ཉིན་དེའི་ཐོ་རེངས་ད་དུང་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་ཡི་ས་ཆ་མང་པོ་ཞིག་གི་སྡོད་ཁང་ལ་མཁའ་ཐོག་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་14རྐྱེན་ལམ་དུ་བཏང་ཡོད་པ་རེད།

གཞན་ཡང་ཀ་ཧྲ་ས་ཁུལ་གྱི་གནས་ཚུལ་ཤེས་མཁན་མི་སྣས་བརྗོད་པར་གཞིགས་ན། དབྱི་སི་རལ་དམག་གིས་ཚེས་19ཉིན་མུ་མཐུད་དེ་ཀ་ཧྲ་གྲོང་གི་ཀ་ཧྲ་ས་ཁུལ་གྱི་སྨན་ཁང་ཆེ་ཤོས་ཤིས་ཧྥ་སྨན་ཁང་ལ་བསྐོར་བརྡུང་བཏང་ཡོད། དབྱི་སི་རལ་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དམག་གིས་ཤིས་ཧྥ་སྨན་ཁང་གི་དམག་དོན་བྱ་སྤྱོད་སྤེལ་བའི་ནང་ཉུང་མཐར་ཡང་ཧྥ་ལེ་སི་ཐན་གྱི་དྲག་ཆས་པ་50བསད་པ་མ་ཟད་ཉུང་མཐར་ཡང་མི་180འཛིན་བཟུང་བྱས་ཡོད་ཅེས་བརྗོད་ཡོད།

ཧ་མ་སིའི་སྨྱན་སྦྱོར་གཞུང་ལས་ཁང་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དམག་གིས་ཤིས་ཧྥ་སྨན་ཁང་ལ་འཇབ་རྒོལ་བྱས་པ་དེ་ནི་ཁྲག་དྲི་འཁྱེར་བའི་དམར་གསོད་ཅིག་ཡིན་ཞེས་སྐྱོན་འཛུགས་བྱས་ཡོད་པ་རེད། གསལ་བསྒྲགས་ནང་། འཇབ་རྒོལ་ཕོག་པའི་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་250ལས་བརྒལ་ཡོད་པ་དང་། དབྱི་སི་རལ་དམག་གིས་བསད་པའི་ཕ་ལེ་སི་ཐན་བའི་ནང་བྱིས་པ་དང་མི་སེར། ནད་པ། ཡུལ་གྱར་བ་སོགས་ཡོད་པ་མ་ཟད། ད་དུང་སྨན་ཁང་ནང་གི་སྒྲིག་ཆས་ཁག་གཅིག་མེར་བསྲེགས་བཏང་ཡོད་ཅེས་བརྗོད་ཡོད་པ་རེད།

ཕ་ལེ་སི་ཐན་ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། དབྱི་སི་རལ་དམག་གིས་འདས་ཟིན་པའི་ཆུ་ཚོད་24ནང་ཀ་ཧྲ་ས་ཁུལ་གྱི་འཇབ་རྒོལ་ནང་ཁྱོན་མི་93རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་142ལ་རྨས་སྐྱོན་བཟོས་ཡོད་པ་རེད།

ཁ་ཐར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཨན་ས་ལིས་ཚེས་19ཉིན། ཀ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ལ་མིག་སྔའི་ཆར་གྲོས་མཐུན་འཇོག་ཐུབ་མེད་ཅེས་དང་། ཨན་ས་ལིས་ད་དུང་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་ནུའོ་རུ་དམག་བརྒྱབ་ཚེ། མི་ཆོས་རིང་ལུགས་ཀྱི་ཆག་སྒོ་བཟོ་རྒྱུ་མ་ཟད། གནས་བབ་ཛ་དྲག་ཏུ་འགྱུར་ཚེ། དབྱེན་འབྱེད་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ཞེས་བཤད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་མང་པོ་ཞིག་ལ་རུབ་བསྡུས་ཐོག་འབར་གཏོར་བྱས་པ་དང་། ཧ་མ་སིས་དབྱི་སི་རལ་དམག་གིས་ཤིས་ཧྥ་སྨན་ཁང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ།

གནས་བབ་ཛ་དྲག་ཏུ་འགྱུར་ཚེ། དབྱེན་འབྱེད་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ཞེས་བཤད་པ་རེད།