ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་མོང་ཁྱིམ་མཚེས་བཟང་པོ་འདི་གཉིས་ཀྱིས་དུས་རབས་གསར་པར་ལག་གདང་སྦྲེལ་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།

2022-12-01 15:38:00     责编:桑吉卓玛

སྤྱི་ཟླ་11ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་བ་རེད།

ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་མ་ལག་མཉམ་སྐྲུན་བྱ་རྒྱུའི་ཐད་གྲོས་མཐུན་གལ་ཆེན་བྱུང་ཡོད། རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཕྱོགས་གཉིས་པོའི་འབྲེལ་བ་དུས་མཚམས་གསར་པ་དང་སྐས་རིམ་གསར་པར་སླེབས་པའི་དགེ་མཚན་ལྡན་པའི་བརྡ་རྟགས་ཡག་པོ་བཏང་ཡོད།

ཀྲུང་གོ་དང་མོང་གོལ་བར་སྤྱི་ལེ་4700ཟིན་པའི་སྐམ་སའི་མཐའ་མཚམས་ རིང་ཤོས་དེ་ཡོད་པ་དང་། རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོའི་རིམས་འགོག་ལ་རྒྱབ་སྐྱོར་བྱ་ཆེད་ལུག་ཁྲི་3ཞལ་འདེབས་ཕུལ་བ་རེད། ཅུང་མ་འགོར་བར་མོང་གོལ་རྒྱལ་ཁབ་ལ་ཡང་ཀྲུང་གོས་བསྐུར་བའི་ཇ་ལོ་འབྱོར་ཡོད། མོང་གོལ་རྒྱལ་ཁབ་ཏུ་རིམས་ནད་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་མོང་གོལ་ཕྱོགས་དང་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་འབྲེལ་རིམས་འགོག་དངོས་ཟོག་ཡང་ཞལ་འདེབས་ཕུལ་ཡོད། དཀའ་སྡུག་འཕྲད་སྐབས་བརྩེ་སེམས་ངོ་མ་མཐོང་བ་དེས་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་ཡང་སྙིང་གང་ཡིན་པ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད།

མིག་སྔར་ལོ་བརྒྱའི་འགྱུར་ལྡོག་འགྲོ་བའི་མྱུར་ཚད་མགྱོགས་སུ་འགྲོ་བ་དང་ཏོག་གསར་རིམས་ནད་ཡང་ཡང་མཆེད་པ། དེ་བཞིན་འཛམ་གླིང་ལ་འགྲན་སློང་མང་པོ་འཕྲད་ཡོད་པས། འཕེལ་རྒྱས་ནི་སྔར་བཞིན་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་བྱུང་ན་ཀྲུང་གོ་རང་ཉིད་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་མ་ཟད། མཐའ་འཁོར་དང་ཐ་ན་འཛམ་གླིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པའི་བརྡ་རྟགས་གསལ་པོ་བསྟན་ཡོད། ན་ནིང་ཟླ་12པར་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཁང་གིས། བསྐྱར་དར་གསར་པའི་སྲིད་ཇུས་ཞེས་པ་བཏོན་ནས་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་དང་། དུས་མཚུངས་སུ་2050ལོའི་རྒྱང་རིང་གི་དམིགས་འབེན་ཞེས་པའི་ཡུན་རིང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ཆ་རྐྱེན་བསྐྲུན་ཡོད། གྲོས་མོལ་གནང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་མོང་ཕྱོགས་གཉིས་པོས་མི་རིགས་བསྐྱར་དར་དང་རྒྱལ་ཁབ་དེང་རབས་ཅན་གྱི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཆོག་ཆོག་ཡིན། ཕྱོགས་གཉིས་ཀས་ཞི་བདེ་མཉམ་གནས་དང་། ཕན་ཚུན་སོ་སྲུང་རོགས་རེས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་མ་ལག་མཉམ་སྐྲུན་བྱེད་པའི་ཕྱོགས་སུ་འབད་བརྩོན་བྱ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་དང་། འདིས་དུས་རབས་གསར་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་ཐུབ་ཅེས་བསྟན་གནང་འདུག

ཞི་བདེ་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་ཕན་ཚུན་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་དང་། རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བརྩི་འཇོག ཕ་རོལ་པོའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་གསུང་གནང་བ་རེད། ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་ཡིས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་བསྐྱར་བསྒྲགས་གནང་བ་དང་། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དེས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
གྲངས་གཞི་ལས་མངོན་པར་གཞིགས་ན། ཀྲུང་གོ་འདི་ཉིད་ལོ་18བསྟུད་མར་མོང་གོལ་རྒྱལ་ཁབ་གྱི་མ་འཇོག་རྒྱལ་ཁབ་ཆེ་ཤོས་དང་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ཀྲུང་མོང་ཉོ་ཚོང་བསྡོམས་འབོར་གྱིས་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་བསྡོམས་འབོར་གྱི་བརྒྱ་ཆ་60ཡན་ཟིན་ཡོད། 2021ལོར་ཀྲུང་གོ་དང་མོང་གོལ་ཕྱོགས་གཉིས་པོའི་ཉོ་ཚོང་གི་འབོར་ཚད་ཨ་སྒོར་དུང་ཕྱུར་100ལས་ཐོག་མར་བརྒལ་ཡོད། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཀའ་ཚེགས་བཟོས་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ཤུགས་ཚད་ཆག་པའི་རྒྱབ་ལྗོངས་འོག ཀྲུང་མོང་རྒྱལ་ཁབ་གཉིས་ཀྱིས་ཇི་ལྟར་བྱས་ནས་མུ་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་བརྩོན་ལེན་བྱེད་དགོས་སམ་ཞེ་ན།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་གནང་སྐབས། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་རྩྭ་ཐང་ལམ་བུའི་གྲོས་འགོ གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་མོང་གོལ་གྱི་བསྐྱར་དར་གསར་པའི་སྲིད་ཇུས། ཀྲུང་གོའི་གོམ་སྟབས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དམིགས་ཚད་དང་མོང་གོལ་ཕྱོགས་ཀྱི་2050ལོའི་རྒྱང་རིང་དམིགས་འབེན་ཞེས་པའི་ཡུན་རིང་འཕེལ་རྒྱས་སྲིད་ཇུས་བཅས་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྒུལ་བྱེད་འཕྲུལ་འཁོར་ཆེན་པོ་གསུམ་པོ་དེས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཀྲུང་མོང་གིས་དུས་རབས་གསར་པར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་མ་ལག་མཉམ་སྐྲུན་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསུངས་ཡོད།

རྒྱལ་ཁབ་གཉིས་པོས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་གཞིར་བཟུང་། ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་16ལ་མིང་རྟགས་བཀོད་པ་དང་། ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་དང་ནུས་རྒྱུའི་ཁྱབ་ཁོངས་དེ་མཉམ་ལས་ཀྱི་དམིགས་བསལ་ཁ་ཕྱོགས་ཤིག་ཏུ་བརྩི་རྒྱུའི་གྲོས་ཐག་བཅད་པ་རེད། ཀྲུང་གོར་བཅའ་སྡོད་མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་ཐུབ་པུ་ཤིན་པ་ཏེར་ལེས་་མོང་ཀྲུང་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཞིང་། མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མེ་འཁོར་ནང་ཞུགས་འདོད་ཧ་ཅང་ཆེན་པོ་ཡོད་ཅེས་བསྟན་ཡོད་པ་རེད།
གཏེར་ལས་ནི་མོང་གོལ་རྒྱལ་ཁབ་ཀྱི་སྲོག་ཤིང་ཐོན་ལས་ཡིན་མོད། འོན་ཀྱང་རྨང་གཞིའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ད་དུང་འཐུས་ཚང་ཞིག་ཆགས་མེད། ཉིན་ཤས་གོང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་པ་ཡན་ནས་ཧང་ཅི་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། ལྷོ་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱི་མན་ཏུའུ་ལ་འགག་སྒོ་དང་སྦྲེལ་མཐུད་ཐུབ་ཡོད། ཀྲུང་མོང་རྒྱལ་ཁབ་གཉིས་པོས་གཏེར་རྫས་ཉོ་ཚོང་དང་མཉམ་ལས། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་སོགས་ཀྱི་ཁྱབ་ཁོངས་ཐད་ད་དུང་མཉམ་ལས་བྱེད་གཞི་ཆེན་པོ་ཡོད་པ་རེད།

དུས་མཚུངས་སུ་ཀྲུང་མོང་ཕྱོགས་གཉིས་ཀས་འབྱུང་ཁམས་ཁོར་ཡུག་དང་བྱེ་འགོག་བྱེ་བཅོས་ཁྱབ་ཁོངས་ཐད་མཉམ་ལས་ཤུགས་ལ་སྣོན་རྒྱག་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད། མོང་གོལ་ཕྱོགས་ཀྱིས་སྡོང་རྐང་དུང་ཕྱུར་བཅུ་འདེབས་འཛུགས་བྱེད་པའི་འཆར་གཞིར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་། མོང་གོལ་ཕྱོགས་དང་མཉམ་དུ་ཀྲུང་མོང་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་འཛུགས་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་འདོད་ཡོད་ཅེས་བསྟན་ཡོད། འདི་ལོའི་ཟླ་5པར་ཀྲུང་གོ་ཕྱོགས་ཀྱིས་ལོ་བཅུའི་ནང་སྡོང་རྐང་དུང་ཕྱུར་700འཛུགས་རྒྱུའི་རེ་བ་བཏོན་ཡོད། ཀྲུང་མོང་ཕྱོགས་གཉིས་པོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་འགན་ཁུར་བའི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་བྱེད་ཡོད།

མོང་གོལ་རྒྱལ་ཁབ་ལ་གཏམ་དཔེ་འདི་འདྲ་ཞིག་ཡོད་དེ། ཁྱིམ་མཚེས་ཕན་ཚུན་སེམས་མཐུན་ན། འཆི་གསོན་ལས་དབང་གཅིག་མཐུན་ཡིན་ཞེས་པ་ལྟར། འཆར་གཞི་བཀོད་ཟིན་པ་དང་། ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན་པའི་ཀྲུང་མོང་ཕྱོགས་གཉིས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མུ་མཐུད་མདུན་དུ་བསྐྱོད་ན། དུས་རབས་གསར་པར་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། བདེ་གཡང་།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་མོང་ཁྱིམ་མཚེས་བཟང་པོ་འདི་གཉིས་ཀྱིས་དུས་རབས་གསར་པར་ལག་གདང་སྦྲེལ་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།

སྤྱི་ཟླ་11ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་བ་རེད།