ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་སྨི་ཞེའར་དང་གྲོས་མོལ་གནང་བ།

2022-12-02 15:46:00     责编:桑吉卓玛

སྤྱི་ཟླ་12པའི་ཚེས་1ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་དང་གྲོས་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུའུ་ཞི་སྨི་ཞེའར་གྱིས་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཡོངས་ཀྱི་ཚབ་ཞུས་ཏེ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་ནས་ཡུན་རིང་མ་སོང་བར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པ་དེའི་ཐོག་ནས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་འདུན་བཟང་པོ་མཚོན་ཡོད། ཀྲུང་གོ་དང་ཡོ་རོབ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་གཉིས་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་ཁྲོམ་ར་ཆེན་པོ་གཉིས། མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་དཔལ་ཡོན་ཆེན་པོ་གཉིས་བཅས་ཡིན། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་རྒྱལ་མཐའ་འཁྱོངས་བྱ་རྒྱུ་དེ་ཀྲུང་གོ་དང་ཡོ་རོབ་དབར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། རྒྱལ་སྤྱིའི་གནས་བབ་ཟང་ཟིང་ཇི་ཙམ་ཆེ་བ་དང་། གོ་ལ་ཧྲིལ་པོའི་འགྲན་སློང་ཇི་ཙམ་རྣོ་ངར་ཆེ་ན། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འཛམ་གླིང་གི་དོན་སྙིང་དེ་ཙམ་གྱིས་མངོན་གསལ་དོད་དུ་འགྲོ་གི་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། བློ་མཐུན་ཅང་ཙེ་རྨིན་ནི་སྤྱི་ཟླ་11ཚེས་30ཉིན་སྙུན་གཞིས་རྐྱེན་པས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཧྲང་ཧའེ་རུ་སྐུ་གཤེགས་པ་རེད། བློ་མཐུན་ཅང་ཙེ་རྨིན་གྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འགན་བཞེས་རིང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་བ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་ཁག་ལ་འཚམས་འདྲི་ཐེངས་མང་གནང་མྱོང་ཞིང་། ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་གནང་བ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་གནང་བས། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་བར་གླེང་མོལ་དང་མཉམ་ལས་བྱེད་པར་སྐུལ་འདེད་ཐེབས་ཡོད། ང་ཚོས་ཁོང་གི་ཕུགས་རེ་རྒྱུན་འཛིན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་མུ་མཐུད་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བསམ་བློ་གཏོང་བའི་ལངས་ཕྱོགས་ཐོག་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ། ཡོ་རོབ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གྲུབ་འབྲས་གལ་ཆེན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་5ངོ་སྤྲོད་གནང་ཡོད། ཞི་ཅིན་ཕིང་གིས། དེང་སྐབས། འཛམ་གླིང་གི་འཕོ་འགྱུར་ཆེན་པོ་དང་། དུས་རབས་ཀྱི་འཕོ་འགྱུར་ཆེན་པོ། ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བཅས་ཇེ་མགྱོགས་སུ་ཕྱིན་པ་དང་། རྒྱལ་ཁབ་ཁག་ཚང་མས་འབྱུང་འགྱུར་གྱི་ལམ་བུའི་ཐད་བསམ་བློ་གཏོང་བཞིན་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་དྲི་བར་ལན་བཏབ་པ་ཡོད་དེ། ནང་ཁུལ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་དང་། ཕྱི་ཕྱོགས་སུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་རྩ་བརྟན་པོས་ལག་བསྟར་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་ཕྱི་འབྲེལ་དམིགས་ཡུལ་མཐའ་འཁྱོངས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བར་ཤུགས་རྒྱག་དགོས་པ་དེ་ཡིན། ཀྲུང་གོ་འཕེལ་རྒྱས་བྱུང་བ་ནི་འཛམ་གླིང་ཞི་བདེའི་སྟོབས་ཤུགས་ཀྱི་འཕེལ་རྒྱས་ཡིན་པས། ཀྲུང་གོས་ནམ་ཡང་རྒྱལ་ཁབ་གཞན་ལ་བཙན་དབང་བྱེད་ཀྱི་མིན་ལ། ནམ་ཡང་མངའ་ཁོངས་རྒྱ་སྐྱེད་གཏོང་གི་མིན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བརྗིད་ཉམས་ཆེ་བའི་ཆབ་སྲིད་ཀྱི་ཁས་ལེན་ཞིག་ཡིན་ལ། དེས་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་འདོད་བློ་མཚོན་ཡོད། ང་ཚོར་རང་ཉིད་ཀྱི་ལམ་ལུགས་བརྟན་པོ་དང་། བཅོས་སྐྱོང་བརྟན་པོ། སྲིད་ཇུས་བརྟན་པོ། འཕེལ་རྒྱས་བརྟན་པོ་བཅས་ལ་བརྟེན་ནས་རྒྱུན་ཆད་མེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིན་ཐང་བྲལ་བའི་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་བསྣན་རྒྱུའི་སེམས་ཤུགས་དང་ནུས་པ་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཡོ་རོབ་གཞི་གཅིག་ཅན་ནི་ཀྲུང་གོ་དང་ཡོ་རོབ་སོ་སོས་འབྱུང་འགྱུར་ལ་དམིགས་ཏེ་གདམ་ག་བྱས་པ་ཞིག་རེད། ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དེ་ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་པའི་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་དང་། ལམ་ལུགས་རང་བཞིན་གྱི་སྒོ་དབྱེའི་གོ་སྐབས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་བཅས་མཉམ་སྤྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་དགོངས་ཚུལ་ཁག་བཞི་བཏོན་གནང་བ་སྟེ།

གཅིག་ནས་ཡང་དག་པའི་ངོས་འཛིན་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་དབར་རྩ་བའི་འཐབ་ཇུས་ཀྱི་འགལ་ཟླ་དང་གདོང་ཐུག་མེད། ཀྲུང་གོ་ཕྱོགས་ཀྱིས་ང་ཆེ་ང་བཙན་བྱེད་འདོད་མེད་ལ་སླད་ཕྱིན་ཆད་ཀྱང་ལམ་ལུགས་ཕྱིར་གཏོང་བྱེད་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར་དང་ཡོ་རོབ་མཐུན་སྒྲིལ་དར་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་གྱི་སྒྲིག་གཞི་དང་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དོན་དངོས་དང་མཐུན་པའི་སྒོ་ནས་ཀྲུང་གོར་ངོས་འཛིན་ཡང་དག་བྱེད་པ་དང་། ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱིས་ཞི་བདེ་མཉམ་གནས་བརྟན་སྲུང་བྱེད་པ། གཉིས་ཕན་མཉམ་རྒྱལ་མཐའ་འཁྱོངས་བྱེད་པ། འཇམ་འཐབ་ཀྱི་བསམ་བློ་གཏོང་སྟངས་དང་འདུ་ཤེས་འཛིན་སྟངས་ཐད་ཀྱི་ཁ་གཏད་རྒྱབ་ཏུ་སྐྱུར་བ། ལམ་ལུགས་ཀྱི་ཁ་གཏད་རྒྱབ་ཏུ་སྐྱུར་བ། རིགས་སྣ་ཚོགས་ཀྱི་འཇམ་འཐབ་གསར་པར་ངོ་རྒོལ་བྱེད་པ་བཅས་ཀྱི་རེ་བ་ཡོད།

གཉིས་ནས་མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་འོས་འཚམ་བྱ་དགོས། ཀྲུང་གོ་དང་ཡོ་རོབ་དབར་ལོ་རྒྱུས་རིག་གནས་དང་། འཕེལ་རྒྱས་ཀྱི་ཆུ་ཚད། འདུ་ཤེས་འཛིན་སྟངས་བཅས་ཀྱི་ཐད་ཁྱད་པར་ཡོད་རྐྱེན་གནད་དོན་ཁག་གཅིག་གི་ཐད་ཕྱོགས་གཉིས་པོས་ལྟ་སྟངས་མི་གཅིག་པ་འཛིན་པ་ནི་ཆེས་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཡིན། ཕྱོགས་གཉིས་པོས་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས་འབྲེལ་གཏུག་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་ཚུན་གྱི་དོ་ཁུར་གལ་ཆེན་དང་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེ་བ་དང་། ལྷག་དོན་དུ་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱས་ནས་ཕར་ཕྱོགས་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པར་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྐད་ཆ་ཤོད་རེས་བྱ་འདོད་ཡོད།

གསུམ་ནས་ཆུ་ཚད་སྔར་ལས་མཐོ་བའི་མཉམ་ལས་སྤེལ་དགོས། ཡོ་རོབ་ནི་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རོགས་ཟླ་གལ་ཆེན་ཞིག་ཡིན་ལ་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་མགྱོགས་སུ་གཏོང་རྒྱུ་ཡིན་པས། ཡོ་རོབ་ཕྱོགས་མུ་མཐུད་ཞུགས་རྒྱུ་དང་མུ་མཐུད་མཉམ་རྒྱལ་ཡོང་བ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་ར་དང་། མ་རྩ། ལག་རྩལ་བཅས་ཀྱི་ལེགས་ཆ་གསབ་རེས་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་དཔལ་འབྱོར་དང་། སྦགས་མེད་ཁོར་སྲུང་། ནུས་རྒྱུ་གསར་པ། མི་ཐབས་རིག་ནུས་སོགས་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་ཐུན་མོང་ཐོག་གཏོད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་པོ་བློས་འགེལ་ཆོག་པ་བཅས་ཡོང་བའི་འགན་ལེན་བྱེད་པ།“འབྲེལ་ཐག་གཅོད་པ”དང་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སྤེལ་རེས་ཆབ་སྲིད་ཅན་དང་གོ་མཚོན་ཅན་དུ་འགྱུར་རྒྱུར་ཐུན་མོང་ཐོག་ངོ་རྒོལ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོ་རོབ་ཀྱི་ཁེ་ལས་ལ་སྒོ་མོ་འབྱེད་རྒྱུ་དང་། ཡོ་རོབ་མནའ་འབྲེལ་གྱིས་འགོག་རྐྱེན་མེད་པར་བཟོས་ཏེ་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།

བཞི་ནས་རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་བ་དང་མཉམ་དུ་འགྲན་སློང་ལ་ཁ་གཏད་བཅག་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཆོག ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། ནུས་རྒྱུའི་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་གནད་དོན་ཐག་གཅོད་རྒྱུར་འབད་བརྩོན་བྱ་རྒྱུའི་ཐད་ཁྲིད་སྟོན་བྱེད་པ་དང་། རང་སོ་སོའི་སྤུས་ལེགས་ཀྱི་སྤྱི་པའི་ཐོན་རྫས་དང་མཉམ་ལས་ལས་སྟེགས་སྦྲེལ་མཐུད་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཡོ་རོབ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཡོ་རོབ་མནའ་འབྲེལ་གྱི་གོ་ལ་ཧྲིལ་པོའི་སྒོ་མོའི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ད་ཡོད་ཀྱི་ལམ་སྲོལ་སྣ་ཚོགས་བརྒྱུད་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་བཅས་ཡིན་པ་རེད།

སྨི་ཞེའར་ནས་ཞི་ཅིན་ཕིང་གིས་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་གནས་བསྟུད་འཛིན་གནང་བར་རྟེན་འབྲེལ་ཞུས་པ་དང་། ཡོ་རོབ་མནའ་འབྲེལ་གྱི་ཚབ་ཞུས་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་གནང་ཡོད། ཁོང་གིས། མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་ས་མཚམས་ཆབ་སྲིད་ཐད་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲན་སློང་དང་ཉམས་ཉེན་མང་པོ་འཕྲད་ཡོད། ཀྲུང་གོས་རྒྱ་སྐྱེད་མི་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་རོགས་ཟླ་གལ་ཆེན་ཞིག་ཡིན། ཡོ་རོབ་ཕྱོགས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་མི་རིང་བར་ཀྲུང་གོའི་ཕྱོགས་ཀྱི་མཐོ་རིམ་དང་ངོ་འཕྲད་གྲོས་མོལ་བྱེད་པའི་གོ་སྐབས་ལ་གཅེས་འཛིན་བྱེད་ཀྱི་ཡོད་ལ་ཕན་ཚུན་བརྩི་འཇོག་དང་ཟོལ་མེད་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་གོའི་ཕྱོགས་དབར་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་ཕྱོགས་ཁག་གི་གནད་དོན་གལ་ཆེན་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཏེ། ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད། ཕྱོགས་འགལ་ཐག་གཅོད་འོས་འཚམ་བཅས་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་གྱིས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་བྱས་ཐོག རང་ངོས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་གཞི་གཅིག་ཅན་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ་ལས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་སྲིད། ཡོ་རོབ་མནའ་འབྲེལ་ནས་ཀྲུང་གོའི་བློས་འགེལ་ཆོག་ལ་སྔོན་དཔག་ཐུབ་པའི་མཉམ་ལས་རོགས་ཟླ་བྱེད་འདོད་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་དུས་མཚམས་རྗེས་མའི་མཐོ་རིམ་འགྲོ་འོང་ཡག་པོ་བྱས་ཏེ། ཐད་ཀར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བརྒྱུད་གོ་ནོར་ཐེབས་ཚད་དང་བརྡར་ཤ་གཅོད་ནོར་ཤོར་ཚད་ཉུང་དུ་གཏོང་བ་དང་། མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། ནུས་རྒྱུའི་ཉམས་ཉེན་དང་། གནམ་གཤིས་འགྱུར་ལྡོག སྤྱི་པའི་འཕྲོད་བསྟེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ཡོ་རོབ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་མ་འཇོག་གྲོས་ཆོད་ཀྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་ནས་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ཐོག ཡོ་རོབ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་འདུག

ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་འགྲེལ་གནང་བ་དང་། ཁོང་གིས། ཀྲུང་གོར་གནའ་གཏམ་འདི་འདྲ་ཞིག་ཡོད་པ་ནི“མཁར་སྒོར་མེ་ཤོར་ན། ཚང་མ་ཐར་ཐབས་མེད”ཅེས་པ་དེ་རེད། ཆབ་སྲིད་ཀྱི་བྱ་ཐབས་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུ་དེ་ཡོ་རོབ་ཀྱི་ཁེ་ཕན་དང་འཚམ་ཤོས་ཡིན་ལ་ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དང་ཡང་འཚམ་ཤོས་ཡིན། མིག་སྔའི་དུས་བབ་འོགཉམས་ཉེན་ཚབས་ཆེ་རུ་མི་འགྲོ་བ་དང་། བར་འདུམ་དང་ཞི་གྲོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས།ཉམས་ཉེན་གྱིས་ཕྱི་རོལ་ལ་ཤུགས་རྐྱེན་ཐེབས་རྒྱུར་དོ་དམ་ཚོད་འཛིན། ཕྱོགས་ཁག་དགྲ་ཁ་གཏད་དུ་ལངས་རྒྱུར་དོགས་ཟོན་བཅས་བྱ་དགོས། ཡོ་རོབ་མནའ་འབྲེལ་ནས་འདུམ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་པར་ཁྲིད་སྟོན་བྱ་རྒྱུར་ཀྲུང་གོའི་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་དེར་གནས་ཡོད་པས། རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུ་ཡིན་ཞེས་གསུངས་འདུག

ཝང་དབྱི་དང་ཧོ་ལི་ཧྥེང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་། སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། གཡུ་སྒྲོན། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་སྨི་ཞེའར་དང་གྲོས་མོལ་གནང་བ།

སྤྱི་ཟླ་12པའི་ཚེས་1ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་དང་གྲོས་མོལ་གནང་ཡོད།