ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

སུའུ་ཏན་གྱི་གདོང་ཐུག་ནང་མི་ཁྲི400ལྷག་ཙམ་ཁྱིམ་གཞིས་མེད་པར་གྱུར་བ།

2023-08-23 10:44:00     责编:娜科

སྤྱི་ཚེས་8ཉིན་མཉམ་འབྲེལ་རྒྱལ་ཚོགས་ཉམ་ཐག་མི་སེར་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་བར་དུ་སུའུ་ཏན་གྱི་གདོང་ཐུག་ནང་མི་ཁྲི་400ལྷག་ཙམ་ཁྱིམ་གཞིས་མེད་པར་གྱུར་ཡོད་པ་རེད།    

མཉམ་འབྲེལ་རྒྱལ་ཚོགས་ཉམ་ཐག་མི་སེར་ལས་ཁུངས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྒྲིག་གཞི་དེའི་མགྲིན་ཚབ་པ་ཝུའེ་ལེན་·སི་པིན་ཏེ་ལེས(William Spindler)སྤྱི་ཚེས་8ཉིན་ཡུལ་གྱར་བ་ཁྲི་400ལྷག་ཙམ་གྱི་ཁྲོད་ནས་མི་ཁྲི་70ཙམ་སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་ལ་སོང་ཡོད་པ་དང་མི་ཁྲི་320ལྷག་ཙམ་སུའུ་ཏན་གྱི་ས་ཁོངས་སུ་སྔར་བཞིན་བསྡད་ཡོད་ཅེས་བཤད་འདུག

 སི་པིན་ཏེ་ལེ་ཡིས་གདོང་ཐུག་རྒྱུན་མཐུད་ངང་ཐོན་པའི་དབང་གིས་སྡོད་གནས་གཏན་འཁེལ་མེད་པའི་ཁྱིམ་ཚང་མང་པོར་བཟའ་བཅའ་དང་སྨན་རྫས་ཧ་ཅང་དཀོན་པོ་ཡོད་པས་བདེ་ཐང་དང་འཚོ་བཅུད་ཀྱི་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་པ་དང་ནད་གཞི་མཆེད་ཁྱབ་ཀྱང་ཆེ་རུ་འགྲོ་ཡི་ཡོད། རྒྱུན་མཐུད་ཆར་པ་བབས་པ་ལས་བྱུང་བའི་ཆུ་ལོག་དང་འཕྲོད་བསྟེན་སྒྲིག་ཆས་མི་འདང་བ་སོགས་ཀྱི་ཤུགས་རྐྱེན་འོག་སྔོན་དཔག་བྱས་ན་ཟླ་བ་ཁ་ཤས་ནང་སུའུ་ཏན་དུ་སྐྱུག་བཤལ་དང་འདར་ནད་ཕོག་མཁན་སྔར་བས་མང་བ་ཐོན་རྒྱུ་རེད་ཅེས་བརྗོད་འདུག

ཕྱེད་གླིང་ཁྲན་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སུའུ་ཏན་གྱི་ཁར་ཐུམ་མངའ་སྡེའི་འཕྲོད་བསྟེན་པུས་སྤྱི་ཚེས་8ཉིན་སུའུ་ཏན་གྱི་རྒྱལ་ས་ཁར་ཐུམ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཨེན་ཐུའུ་མན་ལ་ཉིན་དེར་གདོང་ཐུག་དྲག་པོ་ཐོན་ནས་མི་སེར་20ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།  སྤྱི་ཚེས་8ཉིན་སུའུ་ཏན་གྱི་དྲག་ཆས་དཔུང་སྡེས་ཨིན་ཐུའུ་མན་དུ་སུའུ་ཏན་གྱི་མྱུར་སྐྱོབ་དཔུང་སྡེའི་དམག་མི་བརྒྱ་ཕྲག་ཁ་ཤས་བསད་པ་དང་རྨས་སྐྱོན་བཏང་ཡོད་པ་དང་།  སུའུ་ཏན་གྱི་མྱུར་སྐྱོབ་དཔུང་སྡེས་བཤད་ཚུལ་དེ་ཁས་མ་བླངས་པ་མ་ཟད། ས་དེའི་སྲང་ལམ་གྱི་དམག་འཁྲུག་ཁྲོད་དུ་སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་དམག་མི་བཅུ་ཕྲག་ཁ་ཤས་བསད་པར་བརྗོད།

སུའུ་ཏན་གྱི་དྲག་ཤུགས་གདོང་ཐུག་ནི་སྤྱི་ཟླ་4པའི་ཚེས་15ཉིན་ཁར་ཐུམ་ལྷོ་འདབས་སུ་ཐོན་པ་ནས་ད་ལྟའི་བར་མཚམས་འཇོག་ཐུབ་མེད་པ་རེད།   

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

སུའུ་ཏན་གྱི་གདོང་ཐུག་ནང་མི་ཁྲི400ལྷག་ཙམ་ཁྱིམ་གཞིས་མེད་པར་གྱུར་བ།

སུའུ་ཏན་གྱི་དྲག་ཤུགས་གདོང་ཐུག་ནི་སྤྱི་ཟླ་4པའི་ཚེས་15ཉིན་ཁར་ཐུམ་ལྷོ་འདབས་སུ་ཐོན་པ་ནས་ད་ལྟའི་བར་མཚམས་འཇོག་ཐུབ་མེད་པ་རེད།