ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཆུ་ཕྲན་མིག་ལ་མཛེས་ཀྱང་། ཉེན་ཁ་སྔར་བཞིན་གནས་ཡོད།

2023-07-26 15:09:00     责编:桑吉卓玛

ཆུ་ཕྲན་མིག་ལ་མཛེས་ཀྱང་། ཉེན་ཁ་སྔར་བཞིན་གནས་ཡོད།

       ཚ་དུག་ཆེ་བའི་དབྱར་ཁར། རི་ཆུའི་འགྲམ་དུ་རྩེད་མོ་རྩེ་བ་ནི་ཚ་སེལ་གྱི་ཐབས་ཤེས་ཡག་ཤོས་ཤིག་རེད། འོན་ཀྱང་། ཆུ་ཕྲན་གྱི་འགྲམ་དུའང་ཉེན་ཁ་སྔར་བཞིན་གནས་ཡོད་པས། ཁྱེད་ནས་ཉེན་བརྡའི་མཚོན་རྟགས་མཐོང་ཡང་ད་དུང་ཆུ་ནང་དུ་འཛུལ་ཕོད་དམ།  

       ཀ  མི་གཞན་འགྲོ་ནུས་ན་ང་ཡང་ནུས། 

       ཁ།  གལ་བྱེད་ཀྱི་མ་རེད། ཆུ་ལོག་མཐོང་ཚེ་བྲོས་ན་འགྲིག   

       ག  ཉེན་ཁ་ཆེ་བས་གཏན་ནས་འགྲོ་མི་ཉན།

       གཤམ་གྱི་སྒྲུང་ཐུང་དེ་ཀློག་ན་ཁྱེད་ཀྱིས་ཡང་དག་པའི་ལན་ཞིག་འདེབས་ཐུབ།

 

 

       དབྱར་གསེང་གི་ཉིན་གསུམ་པར། ཞའོ་ཞི་ཡིས་ཆུ་ཟོམ་དང་དྲ་བ་ཁྱེར་ཏེ་ཆུ་འགྲམ་དུ་བསྐྱོད། ཆུ་བོ་དེ་ནི་གྲོང་ཚོའི་ནུབ་ངོགས་སུ་ཡོད་ཅིང་། ཁ་ཞེང་ཆེ་ལ་གཏིང་རིང་བའི་ཆུ་ཡུར་དེའི་ནང་ཆུ་ཆེན་པོ་དེ་ཙམ་མེད། གཏིང་རིང་ཤོས་སུའང་པུས་མོ་ནུབ་ཙམ་རེད། དེར་བརྟེན། མ་གཞི་ཆུ་ནང་དུ་འཛུལ་མི་ཆོག་པའི་མཚོན་རྟགས་བྱང་བུ་བཙུགས་ཡོད་ཀྱང་སུ་ཞིག་གིས་དེར་སྣང་འཇོག་ཡེ་ནས་བྱེད་ཀྱི་མེད། ཞའོ་ཞི་ཡིས་དེ་གར་མི་མང་པོ་ཡོད་པ་མཐོང་སྐབས་ཆུ་བོའི་སྨད་རྒྱུད་དུ་བསྐྱོད། སྐབས་དེར་ཚོས་གཞི་སྔོ་ལ་རིལ་རིལ་ཡིན་པའི་ཅ་དངོས་ཞིག་མཐོང་།

       ཞའོ་ཞི་ཡིས་གློ་བུར་དུ་དྲན་གསོས་པར། དབྱར་ཁའི་གུང་གསེང་མ་བཞག་གོང་རྒན་ལགས་ཀྱིས་ཆུ་ལོག་ཐོན་སླ་བའི་ཁུལ་དུ་འགྲོ་མི་ཉན་པའི་བཀའ་མངག་ཡིད་ལ་དྲན། དེར་བརྟེན། ཞའོ་ཞི་ཡིས་བྲང་རྟགས་དེ་སྟོང་ཐུང་སྟེང་བསྒར་བ་མ་ཟད། རང་ཉིད་ཁ་ལ་ཉན་པའི་ཕྲུ་གུ་ཞིག་བྱེད་རྒྱུ་ཡིན་པ་སྟེ། དེ་རིང་ཤ་སྨི་འཛིན་སྐབས་ཆུ་ནང་དུ་མི་འཛུལ་བར་བྲག་རྡོའི་སྟེང་སྡོད་རྒྱུའི་ཐག་བཅད།

       ཞའོ་ཞི་ཡིས་བསྡད་ས་ཡག་པོ་ཞིག་བཙལ་ནས་ཤ་སྨི་འཛིན་པར་དབྱིངས་ཞུགས། དེའི་སྐབས་ཞའོ་ཞི་ནི་སྤྲེལ་རྒན་མི་ཡུལ་དུ་སླེབས་པ་དང་འདྲ་ལ། དྲ་བ་དེ་ནི་གསེར་རྒྱུག་དང་མཚུངས། ཤ་སྨི་ཚང་མ་རང་གི་དབང་དུ་བསྡུས་པས་དུང་བན་ནང་ཤ་སྨི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་བསྟུན་ཆུ་ཁ་ཡང་རིམ་བཞིན་རྒྱས།
 

 

       ཆུ་ཁ་རྒྱས་སོང་།

       ཞའོ་ཞི་དེ་གར་མགོ་བོར་འཁོར་ནས་བསྡད། སེམས་ནང་ཆར་པ་བབས་མེད་ཀྱང་ཆུ་བོ་ཇེ་ཆེར་འགྲོ་བཞིན་འདུག་སྙམ་ནས་སྡོད་སྐབས་ཆུ་བོ་རྒྱས་ནས་ཞའོ་ཞི་ཡི་རྐང་འོག་བྲག་རྡོ་བསྣུབས་ལ་ཉེ། ཞའོ་ཞི་ཡིས་མགྱོགས་པོ་དྲ་བ་དང་ཆུ་ཟོམ་ཁྱེར་ནས་ཆུ་བོའི་ངོགས་སུ་རྒྱུག་ཕྱིན། དངངས་སྐྲག་ཆེ་དྲགས་པས་ཚང་མ་དབྱུག་ནས་ཆུ་ནང་ནས་ཐོན་ཏེ་ཕྱིར་བསྐྱོད། སྐབས་དེར་བྲང་རྟགས་ནས་སྐད་སྒྲ་གྲགས། བྲང་རྟགས་སྟེང་གི་ཆུ་ཐིགས་ཀྱིས་འོད་ཆེམ་ཆེམ་བྱེད།

       ཞའོ་ཞི་ཡིས་ལག་ནང་གི་ཅ་ལག་ཚང་མ་དབྱུག་པ་དང་། ཆུ་བོའི་སྟོད་རྒྱུད་ནས་ཆུ་སྒྲ་ཆེན་པོ་གྲགས་པ་ཐོས། རྐང་འོག་གི་ཆུ་མོ་དྭངས་ཤིང་གཙང་བ་དེ་རིམ་བཞིན་ཉོག་པོར་གྱུར། འདམ་དང་བྱེ་མའི་བརྡབ་རྡུང་གིས་རྐང་པར་ཁབ་བཙུགས་པ་ལྟར་ན་ཟུག་བཏང་།
 

 

 

       བྲང་རྟགས་ཀྱི་འོད་འཚེར་ཤུགས་ཆེ་རུ་སོང་བ་དང་། འོད་ཐིག་སྔོན་པོ་གཉིས་བྲང་རྟགས་སྟེང་ནས་རབ་ཏུ་འཚེར་བ་དང་སྦྲགས་དེ་མ་ཉིད་དུ་ཞའོ་ཞི་ཡི་ན་ཟུག་འཇགས། སེམས་པ་ལྷོད་ལྷོད་དུ་གྱུར་བས་གོ་སྐབས་དེ་དང་བསྟུན་ནས་ཆུ་ནང་ནས་དོན་ཐུབ་པ་བྱུང་།  

       མ་གཞི་ཉེན་ཁ་ལས་ཐར་ཐུབ་ཀྱང་། ཞའོ་ཞི་ཡི་དངངས་འཚབ་བསམ་པ་ད་དུང་འཇགས་མེད་ལ་རྐང་པ་གཉིས་པོར་ཤུགས་མེད་པའི་ཚོར་བ་བྱུང་། མགོ་བོ་སྒུར་ནས་བལྟ་དུས་འོད་སྔོན་པོ་དེ་མཐོང་རྒྱུ་མེད་པས་ཞའོ་ཞི་ཡིས་ད་གཟོད་བྲང་རྟགས་དེ་ཡིད་ལ་འཁོར།

       ཞའོ་ཞི་ཡིས་བྲང་རྟགས་དེ་ལག་ནང་ཉར་མ་ཐག་ཆུ་ཐིགས་དེས་ཡར་ལངས་ཏེ་རང་གི་མཛུབ་མོ་སྔོན་པོ་དེ་ཞའོ་ཞི་ལ་བཙུགས་ནས་ཁྱེད་ཀྱིས་རྒན་ལགས་ཀྱི་སྐད་ཆ་རྣ་རྒྱབ་ཀྱི་ལྷགས་པར་བཏང་བ་ཡིན་ནམ། དེ་རིང་ཆུ་བོའི་སྟོད་རྒྱུད་དུ་དྲག་ཆར་བབས་སོང་། ང་མེད་ན་ཁྱེད་ཆུས་ཁྱེར་ཚར་བ་རེད་ཅེས་བཤད།
 

 

       ཞའོ་ཞི་ཡི་བསམ་པར་ཆུ་མགྱོགས་པོ་དེ་འདྲ་ཆེ་རུ་འགྲོ་བ་ངས་ག་པར་ཤེས་ཀྱི་རེད་ཅེས་སྙམ།

       ཞེང་ཁ་ཆེ་བའི་ཆུ་ཡུར་དེ་དག་ནམ་རྒྱུན་ཕར་བལྟ་དུས་ལྷིང་འཇགས་གེར་གནས་ཀྱང་ཉེན་ཁ་དུས་ངེས་མེད་དུ་གནས་ཡོད། ཉེན་བརྡའི་མཚོན་རྟགས་ཡོད་སར་ང་ཚོས་གཏན་ནས་འགྲོ་མི་ཉན།

       སི་ཁྲོན་ཕེང་ཀྲོའུ་རུ་ཐོན་པའི་ཆུ་ལོག་གིས་མི་7རྐྱེན་ལམ་དུ་བཏང་ཡོད། དེ་དག་ཚང་མ་གཞན་གྱི་ཁ་ཏ་བསླབ་བྱར་མི་ཉན་པར་ཆུ་ཡུར་ནང་རྩེད་མོ་རྩེ་བས་ཡིན་པ་རེད། ཞའོ་ཞི་གཟུགས་པོ་ཡོངས་འདར་སིག་ཤོར་བ་དང་། གཉིད་ལས་སད་དུས་དེ་ནི་རྨི་ལམ་ཞིག་ཡིན་པ་གཞི་ནས་རྟོགས།

       ད་ལྟ་ཁྱེད་རང་ལ་དྲིས་ལན་ཞིག་བྱུང་ཡོད་ཤག་རེད། དེ་ནི་ཆར་པ་བབ་མེད་ནའང་འདྲ། ཡང་ན་ཆུ་གཏིང་རིང་སར་མ་ཕྱིན་ཡང་རུང་ཆུ་བོའི་སྟོད་རྒྱུད་དུ་ཆུ་ལོག་ཐོན་ཚེ། ཆུ་ཡུར་ནང་རྩེད་མོ་རྩེ་མཁན་རྣམས་སྲོག་ཉེན་ལས་ཐར་ཐབས་བྲལ་ཡོད། དྲག་ཏུ་རྒྱུག་པའི་ཆུ་ལོག་གིས་དལ་པོར་རྒྱུ་བའི་ཆུ་ཕྲན་དག་སྐད་ཅིག་ཉིད་ལ་རྦ་རླབས་དགུང་དུ་འཕྱུར་བའི་ཆུ་ལོག་ཏུ་འགྱུར་བཞིན་ཡོད།

       ཆུ་ལོག་གི་གནོད་འཚེར་སྣང་ཆུང་གཏན་ནས་བྱ་མི་རུང་། རང་རྒྱལ་དུ་རང་བྱུང་གནོད་འཚེས་གྲོངས་པ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་ཁྲོད་70%ནི་ཆུ་ལོག་གནོད་འཚེའི་རྐྱེན་པས་རེད། ཆུ་ཁ་རྒྱས་དུས་ཁྱེད་ནས་ཆུ་རྩེད་རྩེ་སྐབས་བདེ་འཇགས་ལྡན་པའི་ས་ཆ་གདམ་དགོས་པ་དང་། འགྲོ་མི་ཆོག་པའི་ཉེན་བརྡ་བཏང་བའི་ས་ཆ་དང་རྒྱང་རིང་ཙམ་བྱེད་དགོས། སྣང་དག་མེད་སྙམ་པའི་སྟེང་དབང་གིས་བསམ་བློ་དོར་ནས་རང་ཉིད་དང་ཁྱིམ་མིའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐྱིད་པོ།   

སྒྲིག་སྒྱུར། མིག་དམར་རྒྱ་མཚོ།  

中央广播电视总台 央广网 版权所有

ཆུ་ཕྲན་མིག་ལ་མཛེས་ཀྱང་། ཉེན་ཁ་སྔར་བཞིན་གནས་ཡོད།

ཚ་དུག་ཆེ་བའི་དབྱར་ཁར། རི་ཆུའི་འགྲམ་དུ་རྩེད་མོ་རྩེ་བ་ནི་ཚ་སེལ་གྱི་ཐབས་ཤེས་ཡག་ཤོས་ཤིག་རེད། འོན་ཀྱང་། ཆུ་ཕྲན་གྱི་འགྲམ་དུའང་ཉེན་ཁ་སྔར་བཞིན་གནས་ཡོད་པས།