ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ས་སྲིན་ཏ་ལ་སྐྱོབ་རོགས་ཞུ།

2022-06-11 10:53:00     责编:桑吉卓玛

ས་སྲིན་ཏ་ལ་སྐྱོབ་རོགས་ཞུ།

 


       ས་སྲིན་ཏ་ལ་སྐམ་པོ་ནི་ཀྲུང་ལུགས་གསོ་རིགས་ཀྱི་སྨན་རྫས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་དེའི་རིན་གོང་རྒྱུན་མཐུད་འཕར་བ་དང་བསྟུན་ནས་མིང་ལ་ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ཞེས་པའི་འཕྲུལ་ཆས་ཤིག་གི་ཕྱིར་འཚོང་གྲངས་ཚད་ཀྱང་མང་དུ་འཕར་ཡོད་ཅིང་། ས་སྲིན་ཏ་ལར་རྩ་མེད་གཏོང་བའི་བྱེད་སྟངས་ཀྱིས་འཛིན་གསོད་བྱེད་པའི་ཁེ་ཕན་སྦྲེལ་ཐག་ཅིག་གྲུབ་ཡོད།

       ས་སྲིན་ཏ་ལར་གློག་རྒྱག་པའི་འཕྲུལ་ཆས་ཀྱིས་རྩ་མེད་གཏོང་བའི་བྱེད་སྟངས་འཛིན་གསོད་བྱེད་པའི་སྣང་ཚུལ་ཡང་ཡང་ཐོན་པ།

       ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ནི་རྣམ་པ་གློག་རྫས་ཆེན་པོ་དང་འདྲ་བའི་ལྕགས་རིགས་དཔྱད་ཆས་ཤིག་ཡིན་པ་དང་། རིན་གོང་སྒོར་100ནས་སྒོར་800བར་མི་མཚུངས་བ་ཡོད། དྲ་ལམ་དུ་འཚོལ་བཤེར་བྱས་ཚེ་ཚོང་ཁང་ལ་ལའི་ཕྱིར་འཚོང་གྲངས་ཚད་ཁྲི་བཅུ་ལྷན་ཟིན་ཞིང་། དཔྱད་བརྗོད་ཁུལ་དུ་འཛིན་གསོད་མཁན་གྱི་བཀོལ་སྤྱོད་མྱོང་ཚོར་གྱིས་ཁེངས་ཡོད།
 

 

       འཚོང་མཁན་གྱིས་བཤད་པ་ལྟར་ན། ས་སྲིན་ཏ་ལའི་འཕྲུལ་ཆས་ཉོ་བ་ཕུད་ཉོ་མཁན་རང་གིས་ད་དུང་གློག་རྫས་གྲ་སྒྲིག་བྱེད་དགོས་པ་དང་། འཕྲུལ་ཆས་སྤྱིར་བཏང་དུ་བརླན་བཤེར་དང་སོབ་སོབ་ཡིན་པ་མ་ཟད་སྐྱེ་ལྡན་རྫས་འབོར་ཆེན་གནས་པའི་ས་མྱགས་ཁྲོད་བཀོལ་སྤྱོད་བྱེད་དགོས། ཁྱམས་ར་དང་ཚལ་ཞིང་། རྨོ་ཞིང་སོགས་ནི་ས་ཆ་ལེགས་ཤོས་ཡིན། འཚོང་མཁན་གྱིས་བཤད་པར་གཞིགས་ན། རིན་གོང་སྒོར་800ལ་ཉེ་བའི་“ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་རྒྱས་སྤྲོས་ཅན་”དུ་འབོད་པའི་འཕྲུལ་ཆས་ཤིག་གིས་ཐེངས་གཅིག་ལ་ལས་སླ་པོའི་སྒོ་ནས་ས་སྲིན་ཏ་ལ་རྒྱ་མ་བཅུ་ཕྲག་ཁ་ཤས་ལ་གློག་རྒྱག་ཐུབ།
 

 

       ཆེད་མཁས་པས་བསྟན་དོན། ས་སྲིན་ཏ་ལའི་ལུས་ནང་དུ་འབུ་དམར་རྒྱུ་དང་ཨན་གཞི་སྐྱུར་རིགས་མང་པོ། འཚོ་བཅུད་སོགས་འདུས་བའི་རྐྱེན་གྱིས། སྨན་རྫས་རྩ་ཆེན་བྱས་ནས་ནད་རིགས་མང་པོ་གསོ་བཅོས་བྱེད་ཐུབ། ཉེ་བའི་ལོ་ནང་ས་སྲིན་ཏ་ལའི་རིན་གོང་ཆེས་ཆེར་འཕར་བས། ས་སྲིན་ཏ་ལར་གློག་རྒྱག་པའི་འཕྲུལ་ཆས་ཀྱི་ཕྱིར་འཚོང་ལ་ཐད་ཀར་སྐུལ་འདེད་བཏང་ཡོད།
 

 

 

 

       ཀྲུང་གོའི་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུན་ཀྲེན་ཅུན་གྱིས། རྩོལ་ཕྱོད་ཆེ་བའི་ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་གསར་སྤེལ་བྱས་པ་ནས་བཟུང་། ས་སྲིན་ཏ་ལ་འཚོལ་བསྡུ་བྱེད་ཚད་མང་དུ་ཕྱིན་ཞིང་། ས་སྲིན་ཏ་ལའི་ཐོན་ཁུངས་ཚད་མུ་མཐུད་དུ་མར་ཆག་པས། ངན་ཐོག་ངན་འཁོར་གྱི་རྣམ་པ་ཞིག་གྲུབ། དེར་བརྟེན་ས་སྲིན་ཏ་ལ་སྟེ། ཀྲུང་ལུགས་གསོ་རིགས་སྨན་རྫས་འབུ་དམར་རྒྱུའི་རིན་གོང་དྲག་ཏུ་འཕར་ཡོད། ལོ་ཤས་གོང་ཐོན་རྫས་སྐམ་པོ་སྤྱི་རྒྱ་གཅིག་ལ་ཕལ་ཆེར་སྒོར་70ཙམ་ཡིན་ལ། ད་ལྟ་སྒོར་280ཡིས་ཀྱང་ཉོ་ཐུབ་མིན་མི་ཤེས། ལ་ལའི་རིན་གོང་སྒོར་300བར་འཕར་ཡོད་ཅེས་བསྟན་འདུག

       ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ཚོང་པས་གསབ་དངུལ་སྒོར་ཁྲི་159འཇལ་བ་དང་། ཕྱིར་འཚོང་མཁན་གྱིས་འཛིན་གསོད་མཁན་དང་མཉམ་དུ་ཞོར་འབྲེལ་འགན་འཁྲི་འཁུར་དགོས།

       ས་སྲིན་ཏ་ལར་“རྩ་མེད་གཏོང་བའི་རྣམ་པས་”འཛིན་གསོད་བྱས་པས་དོན་ངོ་མར་མཇུག་འབྲས་ཅི་ཞིག་བཟོ་སྲིད་དམ། བཅའ་ཁྲིམས་ཀྱི་ཐད་ནས་བལྟས་ན་ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ཕྱིར་འཚོང་ཚོང་པར་ཆད་གཅོད་ཅི་འདྲ་བྱེད་དགོས་སམ།

       ཆེད་མཁས་པས་བསྟན་དོན། ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ཀྱིས་གློག་སྣོད་ནང་གི་ཐད་རྒྱུག་གློག་རྒྱུན་ས་རྒྱུའི་ཁྲོད་དྲངས་པ་བརྒྱུད། ས་རྒྱུའི་ཁྲོད་ཀྱི་ས་སྲིན་ཏ་ལར་“གློག་འཁྱུད་”ཟུག་གཟེར་བསླངས་ཏེ་ས་ངོས་སུ་ཐོན་དུ་འཇུག་པ་དང་། དེ་ནས་མི་ཚོས་གང་བྱུང་དུ་འཐུ་གི་ཡོད། དེས་ས་སྲིན་ཏ་ལར་ཁྱད་པར་མེད་པའི་གནོད་འཚེ་བཏང་བ་མ་ཟད། ད་དུང་ས་རྒྱུའི་ཁྲོད་ཀྱི་སྐྱེ་དངོས་གཞན་པར་ཡང་གནོད་འཚེ་བཏང་བས། དེ་ནི་“རྩ་མེད་གཏོང་བའི་རྣམ་པའི་”འཛིན་གསོད་བྱ་སྤྱོད་ཅིག་ཡིན།

       སྤྱི་ལོ་2021ལོའི་ཟླ་8ཚེས་12ཉིན། གོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ཚོགས་པས་བཏོན་པའི་“ས་སྲིན་ཏ་ལར་གློག་རྒྱ་པའི་”གྱོད་གཞི་དང་པོར་དམིགས་པའི་འདྲི་ཞིབ་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ཕྱིར་འཚོང་བྱེད་མཁན་ཀུང་སི་གསུམ་གྱིས་རྔོན་འཛིན་ཡོ་ཆས་ཕྱིར་འཚོང་བྱས་པའི་རྐྱེན་གྱིས། ཉོ་མཁན་གྱིས་གློག་རྒྱག་པའི་ཐབས་ལ་བརྟེན་ནས་ས་སྲིན་ཏ་ལ་རྔོན་འཛིན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་ལྡོག་ཐབས་མེད་པའི་གཏོར་བརླག་བཏང་བ་དང་། ཁྲིམས་ལྟར་དེ་བསྟུན་གྱི་ཁོར་ཡུག་དབང་གནོད་འགན་འཁྲི་འཁུར་དགོས།

       ཁྲིམས་ཁང་གིས་ཚོང་པས་དགོངས་དག་ཐུགས་བདེན་ཞུ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་གུན་གསབ་རིན་དངུལ་སྒོར་ཁྲི་159འཇལ་དགོས་པའི་ཁྲིམས་ཐག་བཅད་ཡོད།
 

 

       ཧུའེ་ཡེ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་མཉམ་ལས་པ་ཧོང་ཆི་པེ་ཡིས། ཚོང་པས་ཆེད་དུ་ས་སྲིན་ཏ་ལ་སླུ་གསོད་བྱེད་པའི་གློག་རྡུལ་སླུ་འཛིན་སྒྲིག་ཆས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་དེས་ཁོར་ཡུག་ལ་དབང་གནོད་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བའི་བྱ་སྤྱོད་ཀྱིས་དེ་བསྟུན་གྱི་ཁོར་ཡུག་དབང་གནོད་འགན་འཁྲི་འཁུར་དགོས། ཕྱིར་འཚོང་མཁན་གྱིས་འཛིན་གསོད་མཁན་དང་ཐུན་མོང་ཐོག་དབང་གནོད་བྱས་པས། འཛིན་གསོད་མཁན་དང་མཉམ་དུ་ཞོར་འབྲེལ་འགན་འཁྲི་འཁུར་དགོས།

       དབང་གནོད་གུན་གསབ་འཇལ་སྤྲོད་བྱེད་པའི་གྲངས་འབོར་གཏན་འཁེལ་བྱེད་པའི་ཐད། དབང་གནོད་མཁན་གྱི་གནོད་འཚེ་བཏང་བའི་བྱ་སྤྱོད་ལས་ཐོབ་པའི་ཁེ་ཕན་གཙོར་བཟུང་ནས་གཏན་འཁེལ་མི་བྱེད་པར། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་གཞི་ཁྱོན་དང་ཚད་ཆེ་ཆུང་། སྐྱེ་ཁམས་ཁོར་ཡུག་གི་རྩ་ཆེའི་རང་བཞིན་དང་སླར་གསོའི་དཀའ་སླའི་ཚད་གཞི་བཅས་རྒྱ་ཆེན་པོས་ཟུང་འབྲེལ་བྱས་ནས་གྱོང་གུན་དངུལ་འབོར་ཚད་འཇལ་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་གཏོང་མཁན་དབང་གནོད་མཁན་གྱིས་དེ་བསྟུན་གྱི་གུན་གསབ་འཇལ་སྤྲོད་འགན་འཁྲི་འཁུར་དགོས་པའི་བླང་བྱ་འདོན་དགོས་ཞེས་བསྟན་ཡོད།

 

 

 

       ཆེད་མཁས་པས་བསམ་འཆར་འདི་འདྲ་བཏོན་གནང་འདུག ས་སྲིན་ཏ་ལ་སོགས་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་ནུས་ལྡན་སྲུང་སྐྱོང་བྱ་ཆེད། དངོས་རིགས་ཀྱི་འཚོ་གནས་ཁོར་ཡུག་གི་ཁྱད་ཆོས་ལ་དམིགས་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་དགོས་པ་དང་། ནུས་ལྡན་གྱི་སྐྱེ་ཁམས་སྐྱེ་འཕེལ་བྱས་ནས། སྐྱེ་དངོས་ཐོན་ཁུངས་ཀྱི་རྒྱུན་སྲིང་རང་བཞིན་གྱི་བཀོལ་སྤྱོད་ཁག་ཐེག་བྱེད་དགོས་ལ། དུས་མཚུངས་སུ་འཛིན་བཟུང་བྱེད་ཐབས་ལེགས་བསྒྱུར་བྱས་ནས། ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་དང་ཞིང་སྨན་རང་དགར་གཏོང་བ་སོགས་ཀྱི་རྩ་མེད་གཏོང་བའི་རྣམ་པའི་བྱེད་ཐབས་རིགས་འདྲ་གཏན་འགོག་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ། 

 

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

ས་སྲིན་ཏ་ལ་སྐྱོབ་རོགས་ཞུ།

ས་སྲིན་ཏ་ལ་སྐམ་པོ་ནི་ཀྲུང་ལུགས་གསོ་རིགས་ཀྱི་སྨན་རྫས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་དེའི་རིན་གོང་རྒྱུན་མཐུད་འཕར་བ་དང་བསྟུན་ནས་མིང་ལ་ས་སྲིན་ཏ་ལའི་གློག་རྒྱག་འཕྲུལ་ཆས་ཞེས་པ