ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

སྔོ་ལྗང་རི་ཆུ་ལེཊ་པར་སྲུང་། མཛེས་ལྡན་འབྱུང་ཁམས་ཁྱིམ་གཞིས་གཏོད།

2023-09-21 11:02:00     责编:娜科

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་ཕན་འབྲས་བསྐལ་བརྒྱར་ཐོན་རྒྱུ་དང་གནམ་འོག་ཡོངས་ལ་ཕན་པ་ཐོབ་རྒྱུ་ཡིན་པས། བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་ངང་བསྐྲུན་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་འབྱུང་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་རྒྱལ་ཁོངས་ས་ཆ་ལྗང་འགྱུར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། ལྗོངས་ཡོངས་ཀྱི་50%ཡན་གྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་97བསྐྲུན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་ཡོད། 

ལྷ་སའི་ལྷོ་རིའི་སྤྱི་གླིང་ནི་ལྷ་ས་གྲོང་ཁུལ་ལ་ཐུར་ལྟ་བྱེད་སའི་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་ཡིན་པ་དང་། དེ་གར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ཤིང་མཁའ་རླུང་ལྷག་ཏུ་གཙང་། ཉིན་ལྟར་གྱི་ས་སྲིབ་མཚམས་སུ། ཉེ་འགྲམ་གྱི་གྲོང་མི་རྣམས་སྤྱི་གླིང་དུ་སོས་དལ་བག་ཕེབས་ངང་འཆམ་འཆམ་བྱེད་པའམ་ཡང་ན་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་ཀྱི་ཡོད། སྣེའུ་ཁུལ་གསར་གྱི་གྲོང་མི་འཇིགས་མེད་རིག་འཛིན་གྱིས། ཁྱིམ་གྱི་སྒོ་འགྲམ་དུ་སྤྱི་གླིང་ཡོད་པས། དགོང་མོ་ལས་མཚམས་བཞག་རྗེས་ཕྲུ་གུ་དང་བཟའ་ཟླ་ཁྲིད་དེ་སྤྱི་གླིང་དུ་འཆམ་འཆམ་དུ་བསྐྱོད་པ་དང་ཞབས་བྲོ་འཁྲབ་ཀྱི་ཡོད། སྤྱི་གླིང་ནང་གི་ཆ་སྦྱོར་སྒྲིག་ཆས་ད་ལྟ་འཐུས་སྒོ་ཚང་དུ་བཏང་བ་དང་། ཉེ་འཁོར་གྱི་ཁོར་ཡུག་ཀྱང་ཡག་ཏུ་ཕྱིན་འདུག་ཅེས་བཤད་ཡོད། 

དེ་སྔའི་རི་རྒོད་སྔོ་ལྗང་རི་ཀླུང་དུ་གྱུར་བ་དེ་ནི་ལག་ལེན་བསྟར་བཞིན་པའི་ལྷ་སའི་ལྷོ་བྱང་རི་བོའི་ལྗང་འགྱུར་ལས་གྲྭ་ལས་བྱུང་བ་ཞིག་རེད། བོད་ལྗོངས་ཀྱི་རོང་སའི་ཁུལ་གྱི་གཞི་ཁྱོན་ཅན་གྱི་འབྱུང་ཁམས་འཛུགས་སྐྲུན་དང་ཉམས་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་ཡིན་པའི་ངོས་ནས། ལྷ་སའི་ལྷོ་བྱང་རི་བོའི་ལྗང་འགྱུར་ལས་གྲྭས་ལོ་10ཡི་ནང་ནགས་བཟོའི་རྒྱ་ཁྱོན་མུའུ་ས་ཡ་གཉིས་དང་དྲུག་ཁྲི་བདུན་སྟོང་ཟིན་རྒྱུ་དང་། 2030ལོར་སླེབས་སྐབས་ནགས་གསོའི་རྒྱ་ཁྱོན་དེ་ད་ཡོད་ཀྱི་ལྷོ་རིའི་ལྗང་འགྱུར་རྒྱ་ཁྱོན་གྱི་ལྡབ་600ཙམ་ཟིན་པ་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲང་ཏེ་ཡིས། ལས་གྲྭ་ལག་ལེན་བསྟར་ཚུན། ཚང་མས་ནུས་ཤུགས་ཡོད་རྒུས“ལོ་ལྔའི་ནང་སྔོ་ལྗང་རི་ཀླུང་མང་དུ་གཏོང་རྒྱུ་དང་། ལོ་བཅུ་ཡི་ནང་ལྷ་ས་སྔོ་ལྗང་གིས་ཁེངས་རྒྱུའི”རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་ཡོད། ཉེ་བའི་ལོ་གཉིས་ནང་མུའུ་གསུམ་འབུམ་ལྷག་ཙམ་གྱི་ནགས་བཟོའི་ལས་འགན་ལེགས་གྲུབ་ཟིན་ཡོད་པ་དང་། གསོམ་སྡོང་དང་སྡོང་ཕྲན་ད་ལྟ་འདེབས་འཛུགས་བྱེད་བཞིན་ཡོད། ད་ལྟ་བལྟས་ཚེ་སྔོ་ཐིང་ཐིང་དུ་གྱུར་ནས་མིག་ལམ་དུ་ལྗང་མདོག་གིས་ཁེངས་པར་གྱུར།

རྒྱལ་ཁོངས་ས་ཆ་ལྗང་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། བོད་ལྗོངས་ཀྱིས་ད་དུང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད། 2018ལོ་ནས་བཟུང་། བོད་ལྗོངས་ཀྱིས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་མང་ཚོགས་འབྱུང་ཁམས་གནས་སྤོ་བྱེད་འགོ་ཚུགས་ཏེ། ས་བབས་མཐོ་ཚད་ལ་སྨི་4800ཡན་ཟིན་ཁུལ་གྱི་འབྲོག་པ་ས་བབས་དམའ་བའི་ཁུལ་དུ་གནས་སྤོ་བྱས་ཡོད། བྱེད་ཐབས་དེས་ས་བབས་ཧ་ཅང་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཏུ། མིའི་རིགས་ཀྱི་བྱེད་སྒོ་ཉུང་དུ་ཕྱིན་པ་དང་བསྟུན་ནས་བྱེས་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ཀྱང་མུ་མཐུད་ལེགས་སུ་ཕྱིན་ཡོད། ཧྲའན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་ཞའོ་མིན་གྱིས། ལྷག་དོན་དུ་བོད་བྱང་ཐང་དུ་བྱེས་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ནས་དེའི་ཁྱབ་ཚུལ་བར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། ད་དུང་དེ་ཚོ་འཚོ་གནས་ཁུལ་གྱི་སྤུས་ཚད་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད་པས། ང་ཚོའི་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོར་ཆེས་ཆ་ཚང་བའི་སྲུང་སྐྱོང་མ་ལག་གཅིག་བཏོད་ཡོད་ཅེས་བཤད་པ་རེད།

གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔར་བོད་ལྗོངས་སུ་རི་སྐྱེས་རྩི་ཤིང་རིགས་9600ལྷག་ཙམ་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་བྱེས་སྐྱེས་སྲོག་ཆགས་རིགས་217ཙམ་ཡོད་ཅིང་། གཙང་པོ་དང་མཚོ་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགས་གསུམ་པའི་ཆུ་ཁོངས་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ་ཡོད་པ། ཐང་རྒོད་ཅན་དང་བྱེ་ས་ཅན་གཉིས་ཀ་ཉུང་དུ་ཕྱིན་ཡོད་པས། མཐོ་སྒང་གི་འབྱུང་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས། མིག་སྔར་ལྗོངས་ཡོངས་སུ་རིམ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་97བསྐྲུན་ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4འབུམ་1ཁྲི་4སྟོང་ཟིན་ཡོད། སྲུང་སྐྱོང་ཁུལ་དེ་དག་ནང་བོད་ལྗོངས་ཀྱི་འཁྱག་རོམ་དང་གངས་རི། གཙང་པོ་དང་ཆུ་འགོ མཚེའུ་དང་འདམ་ར། རྩྭ་ཐང་སྤང་གཤོང་དང་ནགས་ཚལ།  དེ་བཞིན་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་སྲོག་ཆགས་འཚོ་གནས་ཁུལ་དང་རྩི་ཤིང་སྐྱེ་འཚར་ཁུལ་གལ་ཆེན་བཅས་ཚུད་ཡོད་ཅེས་བསྟན་ཡོད་པ་རེད། 

གཞན་ཡང་། བོད་ལྗོངས་ཀྱིས་ད་དུང་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཆུ་དང་རླངས། སྒྲ། ས་རྒྱུ། སྐྱེ་དངོས་སོགས་ཁོར་ཡུག་དམིགས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དེས་མཐོ་སྒང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དེ་བས་ལེགས་པ་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་ཡོད་ཀྱི་གྲངས་གཞི་མཁོ་འདོན་བྱས་ཡོད།  བོད་རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁོའང་གིས། 2021ལོར་སྤེལ་བའི་སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོ་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་ད་ལོ་སྤེལ་བའི་ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུའི་ཆུ་འགོ་ཁུལ་གྱི་ལྟ་ཞིབ་ཚད་ལེན་གྱིས་ས་ཁོངས་དེ་དག་གི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་ལས་དོན་གྱི་སྟོང་ཆ་བསྐངས་ཡོད། ད་ལོའི་ཟླ་9པ་ནས་10པའི་བར། ང་ཚོའི་ལྟེ་གནས་ཀྱིས་ད་དུང་རྒྱང་ཚོར་བྱ་ཐབས་སྤྱད་དེ་ས་ཁོངས་ནང་གི་གངས་འཁྱགས་ཐོན་ཁུངས་ཀྱི་གནས་ཚུལ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན། རྩི་ཤིང་ཁེབས་ཚད་བཅས་ལ་སྔར་བས་ལྟ་ཞིབ་ཚད་ལེན་བྱས་ནས། བོད་ལྗོངས་ཀྱིས་རི་ཆུ་ནགས་གསུམ་དང་། ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུར་གྲངས་གཞི་བརྟན་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད། 

ད་ཆ། གངས་རི་ནས་མཚེའུ་བར་དང་ནགས་ཚལ་ནས་རྩྭ་ཐང་བར། བོད་ལྗོངས་ཀྱིས་འབྱུང་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གི་གནས་སྟངས་ཆེན་པོ་ཞིག་ཧུར་ཐག་གཏོད་བཞིན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཟླ་9ཚེས་1ཉིན་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། དེས་མཚོ་བོད་ས་མཐོའི་འབྱུང་ཁམས་མ་ལག་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དང་། འབྱུང་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སུ་གཏོང་རྒྱུ། ས་མཐོའི་འབྱུང་ཁམས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། ད་ལོ་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་165བཀོད་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། བོད་རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཧྲུའེ་ཡན་ཕིང་གིས། བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཁྱིམ་གཞིས་བསྐྲུན་བཞིན་ཡོད། ལྗོངས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས《མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ཐོག ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་ནས་གངས་ལྗོངས་ས་མཐོའི་འབྱུང་ཁམས་ཁོར་ཡུག་དང་། རི་ཆུ་ཀླུང་གསུམ། རྩྭ་རྩི་ཤིང་བཅས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། དབང་འདུས། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

སྔོ་ལྗང་རི་ཆུ་ལེཊ་པར་སྲུང་། མཛེས་ལྡན་འབྱུང་ཁམས་ཁྱིམ་གཞིས་གཏོད།