▶རྒྱ་གར་གྱིས་མིང་འདི་བརྗེ་འདོད་དོན་ཅི་ཡིན་ནམ།
དེ་རིང་གི་རྒྱ་གར་ཞེས་པ་དང་རྒྱ་གར་གྱི་དཔལ་འབྱོར་སྐབས་དོན་ཚགས་པར་སོགས་རྒྱ་གར་གྱི་སྨྱན་སྦྱོར་ཚན་པས་སྤྱི་ཚེས་ལྔ་ཉིན་གནས་ཚུལ་སྤེལ་བར། མའོ་ཏིས་སྲིད་གཞུང་གིས་སྤྱི་ཟླ་9ཚེས་18ནས་22ཉིན་བར་འཚོག་རྒྱུ་ཡིན་པའི་གྲོས་ཁང་གི་དམིགས་བསལ་གྲོས་ཚོགས་ཐོག་རྒྱ་གར་གྱི་རྒྱལ་མིང་(India)དེ་བྷ་ར་ཏ(Bharat)ཞེས་པར་བསྒྱུར་རྒྱུའི་གྲོས་ཆོད་ཅིག་འབུལ་རྩིས་ཡོད་པ་རེད།
དེ་རིང་གི་རྒྱ་གར་ཞེས་པའི་ནང་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ་རྒྱ་གར་གྱི་མིང་དེ་བྷ་ར་ཏ་རུ་བསྒྱུར་རྒྱུའི་སྐོར་གྱི་འབོད་སྒྲ་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཡང་བསྐྱར་རྒྱ་གར་ལ་རྒྱལ་མིང་གཞན་ཞིག་འདོགས་རྒྱུའི་གྲོས་ཆོད་ཅིག་སྤྲོད་སྲིད་ཅེས་གནས་ཚུལ་བཀོད་འདུག དཔལ་འབྱོར་སྐབས་དོན་ཚགས་པར་གྱིས་ཁ་གསབ་བྱས་དོན། ཨ་ས་མོའུ་མངའ་སྡེ་ཡི་དབུ་བཞུགས་པུའུ་ཀྲང་འདུས་པའི་མི་དམངས་ཏང་གི་འགོ་ཁྲིད་པས་སྤྱི་ཚེས་5་ཉིན་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ་རུ་རྒྱ་གར་གྱི་རྒྱལ་མིང་བྷ་ར་ཏ་རུ་བསྒྱུར་བར་རྒྱབ་སྐྱོར་བྱ་རྒྱུའི་བསམ་འདུན་བསྟན་འདུག
དེ་རིང་གི་རྒྱ་གར་ཞེས་པའི་སྨྱན་སྦྱོར་གྱིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱང་ལྟ་ཚུལ་འདི་རིགས་བཏོན་ཡོད་པ་དང་། སྤྱི་ལོ་2022ལོའི་ཟླ་8ཚེས་15ཉིན། ཁོང་གིས་གཏམ་བཤད་ཁྲོད་རྒྱལ་ཁབ་འདིས་བྲན་གཡོག་ལམ་ལུགས་ཀྱི་རྗེས་ཤུལ་ཡོད་ཚད་དོར་དགོས་པའི་འབོད་སྐུལ་གཏོང་དགོས་ཅེས་གནས་ཚུལ་བཀོད་པ་དང་། གཞན་ཡང་དོ་སྣང་བྱ་འོས་པ་ཞིག་ནི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། ཙུང་ལི་ཡི་ཆེད་སྤྱོད་གནམ་གྲུའི་སྟེང་དུའང་བྷ་ར་ཏ་ཡི་མིང་བརྐོས་ཡོད་ཚུལ་ཡང་གནས་ཚུལ་བཀོད་འདུག དེ་དང་དུས་མཚུངས་སུ། དཔལ་འབྱོར་སྐབས་དོན་ཚགས་པར་གྱིས་ཁ་གསབ་བྱས་དོན། རྒྱལ་དམངས་ཏང་གི་གཙོ་འཛིན་ཅ་དབྱི་ལ་མོའུ་ལཱ་མེ་ཧྲི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་བཀོད་དེ་རྒྱ་གར་སྲིད་འཛིན་ཁང་གིས་འཚོག་ལ་ཉེ་བའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཀྱི་འཐུས་མིར་བསྐུར་བའི་སྤྱི་ཟླ་9ཚེས་9ཡི་དགོང་ཚོགས་ཀྱི་གདན་ཞུའི་ཡི་གེ་སྟེང་དུ་བྷ་ར་ཏ་ཡི་སྲིད་འཛིན་ཞེས་བྲིས་ཡོད་པ་ལས་རྒྱ་གར་གྱི་སྲིད་འཛིན་ཞེས་བྲིས་མེད་ཅེས་གནས་ཚུལ་བཀོད་འདུག
རྒྱ་གར་གྱི་ TimesNowNews དྲ་ཚིགས་ཀྱིས་ངོ་སྤྲོད་བྱས་དོན། ཡོངས་སྒྲོག་ཆ་འཕྲིན་ལྟར་ན་ “Bharat”ནི་སྔགས་ཡིག་ཡིན་པ་དང་། ཡིག་ངོས་ཀྱི་ནང་དོན་ནི་འདེགས་པ་དང་འཁྱེར་བའི་དོན་ཡིན་པ་དང་། ཤུགས་བསྟན་ནི་འོད་སྣང་འཚོལ་མཁན་ནམ་ཤེས་རབ་ཅན་གྱི་མི་ཡིན་ཞེས་པ་དེ་ཡིན་ཟེར། གཞན་རྒྱ་གར་མགྱོགས་འཕྲིན་གྱིས་གནས་ཚུལ་བཀོད་པར། “Bharat”、“Bharata”ཡང་ན“Bharatvarsha”ཞེས་པའི་ཐ་སྙད་འདི་གནའ་བོའི་རྒྱ་གར་གྱི་དཔེ་གཞུང་དང་ལོ་རྒྱུས་སྙན་རྩོམ་རིང་མོ་《མ་ཧ་བྷ་ར་ཏ》ཞེས་པར་ཁུངས་དེད་ཆོག་པ་དང་། གནའ་བོའི་དཔེ་གཞུང་དུ་ Bharataཞེས་པ་དེ་ལྷོ་ཕྱོགས་རྒྱ་མཆོ་དང་བྱང་ཕྱོགས་གངས་ལྗོངས་བར་གྱི་ས་གཞི་རུ་གོ་ཡི་ཡོད། ད་རུང་བཤད་སྟངས་ཤིག་ལ་གནའ་བོའི་རྒྱ་གར་གྱི་ཡ་ལི་ཨན་མི་ཡི་དུས་སྐབས་སུ་མིང་ལ་བྷ་ར་ཏ་རུ་འབོད་པའི་རྗེ་བོ་ཞིག་ཡོད་ཟེར་བ་དང་། རྒྱ་གར་གྱི་(India)ཞེས་པའི་མིང་འདི་ནི་དབྱིན་ཇི་བས་མི་སེར་སྤེལ་ཡུལ་དུ་བསྒྱུར་བའི་སྐབས་ཐོགས་པ་དང་། ལོ་རྒྱུས་ལྟོས་བཅས་ཀྱིས་ཤིན་ཏུ་ཐུང་ཐུང་ཡིན་པ་རེད།
རྒྱ་གར་སྨྱན་སྦྱོར་བས་སྔོན་མར་མི་ལ་ལས་རྒྱ་གར་གྱི་ཆེས་མཐོ་ཁྲིམས་ཁང་ལ་རྒྱ་གར་གྱི་རྒྱལ་མིང་དེ་ “India”ནས་“བྷ་ར་ཏའམ་རྒྱ་གར་སི་ཐན”(Hindustan)དུ་བསྒྱུར་དགོས་པའི་རེ་ཞུ་ཞུས་པ་དང་། རྒྱུ་རྐྱེན་ནི“India”ཞེས་པའི་ཐ་སྙད་འདིའི་འབྱུང་ཁུངས་ནི་ཕྱི་རྒྱལ་གྱི་སྐད་ཡིན་པ་དང་། བྷ་ར་ཏའམ་རྒྱ་གར་སི་ཐན་ཞེས་པ་འདིས་རྒྱ་གར་གྱི་ལོ་རྒྱུས་སྲོལ་རྒྱུན་སྔར་བས་མཚོན་ཡོད་ཅེས་པའི་གནས་ཚུལ་བཀོད་འདུག གཞན་རྒྱ་གར་སྐབས་དོན་ཚགས་པར་གྱིས་སྤྱི་ལོ2020ལོའི་ཟླ་6ཚེས་4ཉིན་གནས་ཚུལ་བཀོད་པར། རྒྱ་གར་ཆེས་མཐོ་ཁྲིམས་ཁང་གིས་རྒྱ་གར་གྱི་རྒྱལ་མིང་བརྗེ་བའི་རེ་ཞུ་འདི་ཕྱིར་སློག་པ་དང་། རྒྱ་གར་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་བལྟས་ན་རྒྱ་གར་རྩ་ཁྲིམས་སུ་(India)ཞེས་པ་ནི་བྷ་ར་ཏ་(Bharat)ཞེས་པ་ཡིན་ཞེས་གསལ་བོར་བཀོད་ཡོད་པ་དང་། རེ་ཞུ་མཁན་གྱིས་རྒྱལ་མིང་བརྗེ་དགོས་དོན་ཅི་ཡིན་གསལ་བོ་མི་ཤེས་སྙམ་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
སྒྲིག་སྒྱུར། རྡོ་རྗེ་ཚེ་རིང་།