ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

པེ་ཅིང་ཨོ་རྩལ་འགྲན་ཚོཊ་ཀྱི་གསེར་ཀྱི་རྟཊ་མས་ཨུ་རུ་སུར་སྐད་གྲཊ་བཞག

2021-01-12 09:05:00     责编:卓玛才让

    ཟླ1པའི་ཚེས8ཉིན། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། ཨུ་རུ་སུའི་སྒྱུ་རྩལ་ལུས་རྩལ་པ། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཏཱ་ལི་ཡ·ཧྲི་ཁུའུ་ལི་ཤིན་ནཱ་ཡི་སྡོད་གནས་ལ་སྟབས་མ་ལེགས་པར་མེ་སྐྱོན་བྱུང་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཏཱ་ལི་ཡར་སྤྱི་ལོ2008ལོར་ཐོབ་པའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དེར་འཚིག་སྐྱོན་གང་ཡང་ཕོག་མེད་པ་དང་། ཐ་ན་གཟེངས་རྟགས་དེའི་ཞགས་རྒྱན་ལའང་སྐྱོན་གང་ཡང་བྱུང་མེད་པ་རེད།

     གནས་ཚུལ་སྤེལ་བའི་ནང་། ཏཱ་ལི་ཡར་ཏོག་གསར་ནད་དུག་འགོས་ཡོད་པའི་དབང་གིས་མེ་ཤོར་སྐབས་འཚིག་དྲི་འཐུལ་མེད་པ་དང་། དེའི་རྗེས་མེ་ཤོར་ཡོད་པ་རྟོགས་རྗེས་སྒོའི་ཕྱིར་བྲོས་ནས་ཁྱིམ་མཚེས་རྣམས་ལ་རོགས་སྐྱོབ་རེ་ཞུ་བྱས་ཡོད། སྟབས་ལེགས་པ་ཞིག་ལ་ཁོ་མོར་རྨས་སྐྱོན་ཕོག་མེད་པ་རེད།

     ཏཱ་ལི་ཡས་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་ལ། མེ་སྐྱོན་བྱུང་དུས་ཁོ་མོའི་ཉལ་ཁང་ནང་ལཱ་སྒྲོན་ཞིག་སྤར་ཡོད་མོད། འོན་ཀྱང་མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་ངོ་མ་དེ་གང་ཡིན་མིན་ད་དུང་ཤེས་མ་བྱུང་ཞེས་དང་། ད་ལྟ་ཅི་ཞིག་བཤད་དགོས་པ་མི་ཤེས། རོགས་སྐྱོར་ཡང་དགོས་གལ་ཆེན་པོ་འདུག གང་དུ་སྡོད་དགོས་པ་དང་ལས་ཀ་ཅི་ཞིག་བྱ་དགོས་པ་ཡང་མི་ཤེས་ཞེས་བཤད་འདུག

     མེ་ཆེན་པོ་དེ་བསད་རྗེས། ཏཱ་ལི་ཡས་རང་ཁྱིམ་གྱི་བརྙན་ཞིག་བསྟན་པའི་ནང་། ཁོ་མོའི་ཉལ་ཁང་ཡོངས་མེར་འཚིག་པའི་ཁྲོད་སྤྱི་ལོ2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་ཐོབ་པའི་གསེར་གྱི་རྟགས་མ་དེ་གསལ་པོར་མཐོང་ཐུབ་ལ། ཡ་མཚར་བ་ཞིག་ལ། གསེར་གྱི་རྟགས་མ་དེར་སྐྱོན་གང་ཡང་བྱུང་མེད་པ་རེད།

     སྤྱི་ལོ2008ལོར། ལོ་ན་བཅོ་བརྒྱད་ལ་སོན་པའི་ཏཱ་ལི་ཡས་རུ་ཁག་དང་འགྲོགས་ནས་སྐར་གྲངས་35.550ཡི་ཐོག་ནས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྒྱུ་རྩལ་ལུས་སྦྱོང་གི་ཨང་དང་པོ་བླངས། གཞན་ཡང་། ཏཱ་ལི་ཡར་ད་དུང་ཡོ་རོབ་ཀྱི་སྒྱུ་རྩལ་ལུས་སྦྱོང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ5དང་འཛམ་གླིང་སྒྱུ་རྩལ་ལུས་སྦྱོང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ3བཅས་ཐོབ་མྱོང་ཡོད།

     དེའི་གོང་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་གཟེངས་རྟགས་ཀྱི་ཞགས་རྒྱན་དེ་བརྒྱ་ཆ38%ཀྱི་དར་སྲིན་དང་བརྒྱ་ཆ62%གྱི་ཏི་ལུན་རྫས་འགྱུར་ཚི་སྣ་ཡིས་གྲུབ་ཅིང་། ཚན་རྩལ་འདུས་ཚད་མཐོ་བའི་ནཱ་སྨིས་ལག་རྩལ་སྤྱད་ནས་ལས་སྣོན་བྱས་པས། བཞའ་འགོག་པ་དང་། འབུས་མི་ཟ་བ། སྦགས་བཙོག་འགོག་པ། མེ་འགོག་པ་བཅས་ཀྱི་ཁྱད་ནུས་ལྡན་པ་མ་ཟད། ཁ་དོག་ནམ་ཡང་མི་འགྱུར་བའི་ཁྱད་ཆོས་ལྡན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། ལྷ་སྟག་མཚོ།

中央广播电视总台 央广网 版权所有

པེ་ཅིང་ཨོ་རྩལ་འགྲན་ཚོཊ་ཀྱི་གསེར་ཀྱི་རྟཊ་མས་ཨུ་རུ་སུར་སྐད་གྲཊ་བཞག