ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

CZ3249རྟགས་ཅན་གྱི་གནམ་གྲུ་འདིར་གནས་ཚུལ་གང་ཞིག་འཕྲད་ཡོད།

2023-08-09 11:19:00     责编:桑吉卓玛

CZ3249རྟགས་ཅན་གྱི་གནམ་གྲུ་འདིར་གནས་ཚུལ་གང་ཞིག་འཕྲད་ཡོད།

       སྤྱི་ཟླ8ཚེས2ཉིན། ཀོང་ཀྲོའུ་ནས་ཟི་ལིང་དུ་འཕུར་བའི་CZ3249རྟགས་ཅན་གྱི་གནམ་གྲུ་འཕུར་འགོ་ཚུགས་རྗེས་འགྲུལ་པ་ཞིག་གིས་གློ་བུར་དུ་བྲེལ་འཚུབ་ཀྱིས་འགྲུལ་ཞབས་སྐད་བཏང་ཡོད།

       གནས་ཚུལ་གང་ཐོན་པ་ཡིན་ནམ།  

       གནམ་གྲུ་གཅིག་རྒྱུག་ལམ་དུ་ཞུགས་ནས་འཕུར་གྲབས་བྱེད་སྐབས། འགྲུལ་པ་ཞིག་གིས་ཛ་དྲག་ངང་རོགས་སྐྱོར་རེ་ཞུ་ཞུས་ཏེ་ཕྲུ་གུར་གློ་བུར་རྩ་འཁུམ་གྱི་གནས་ཚུལ་ཐོན་པ་བརྗོད་ཡོད།

       ཉིན་དེའི་ཞོགས་པའི་དུས་ཚོད་7དང་སྐར་མ་5ཡི་ཐོག CZ324རྟགས་ཅན་གྱི་དུས་གཏན་གནམ་གྲུ་འཆར་གཞི་ལྟར་རྒྱུག་ལམ་དུ་ཞུགས་ནས་འཕུར་གྲབས་བྱེད་བཞིན་པའི་སྐབས་སུ། ཁྱིམ་བདག་ཅིག་བྲེལ་འཚུབ་ངང་ཞབས་ཞུའི་སྟེགས་བུར་ཡོང་ནས་ཕྲུ་གུར་རྩ་འཁུམ་གནས་ཚུལ་ཐོན་པས་རོགས་རམ་བྱེད་དགོས་པའི་ཞུ་བ་བརྒྱབ་ཡོད། བར་ཐག་ཉེ་ཤོས་སུ་ཡོད་པའི་འགྲུལ་ཞབས་འགོ་འཛིན་ལིན་དབྱི་ཝེ་ཡིས་འཕྲལ་དུ་ལྟ་ཞིབ་བྱས་པ་ན། འགྲུལ་པ་ཆུང་ཆུང་དེའི་ལུས་ཧྲིལ་པོ་འདར་བཞིན་ཡོད་པ་དང་ཁ་ནས་ལྦུ་བ་ཐོན་པའི་ནད་རྟགས་ཡོད་པ་མཐོང་།

 

 

       ལོ12ལ་སླེབས་པའི་འགྲུལ་པ་ཆུང་ཆུང་དེའི་གཟུགས་པོ་མ་བདེ་བས་འགྲུལ་ཞབས་ཚོགས་ཆུང་གིས་ལས་བགོས་བརྒྱབ་ཏེ་ཛ་དྲག་ངང་རོགས་སྐྱོབ་བྱས། འགྲུལ་ཞབས་ཚོགས་ཆུང་གི་ཀྲུའུ་རེན་ཝང་ཡོན་ཡང་གནས་ཚུལ་གང་འདྲ་ཡོད་མེད་བལྟ་བར་ཕྱིན་ཡོད། ཁྱིམ་བདག་གིས། ད་ཐེངས་ཀྱི་འགྲུལ་བཞུད་དེའི་ཕྱིར་ཕྲུ་གུས་དགོང་མོ་ཆུ་ཚོད་གཉིས་ལས་གཉིད་ཉལ་མེད་པར། མཚན་གུང་ཆུ་ཚོད་གསུམ་པར་མལ་ལས་ལངས་ཏེ་གནམ་ཐང་དུ་ཡོང་ཡོད་པས། ཕལ་ཆེར་ལུས་ཤུགས་ཟད་ནས་གནས་ཚུལ་ཐོན་པ་ཡིན་སྲིད་ཅེས་བརྗོད་ཡོད། དེ་མུར་ཝང་ཡོན་གྱིས་རོགས་སྐྱོབ་བྱེད་འགོ་བརྩམས་ཏེ་གནམ་གྲུའི་འགོ་དཔོན་ལ་སྙན་ཞུ་ཕུལ་བ་མ་ཟད་རྒྱང་བསྒྲགས་བཏང་ནས་སྨན་པ་བཙལ།

 

       འགྲུལ་པ་ཆུང་ཆུང་དེ་གློ་བུར་དུ་གཟུགས་པོ་མ་བདེ་བས་འགྲུལ་ཞབས་ཚོགས་ཆུང་གིས་རྐུབ་སྟེགས་ལེགས་སྒྲིག་བྱས་རྗེས་གན་རྐྱལ་དུ་ཉལ་བར་བཅུག 

       འགྲུལ་ཞབས་ཚོགས་ཆུང་གིས་ལས་བགོས་བརྒྱབ་ཏེ་སྟར་པ་གཅིག་ཏུ་ཡོད་པའི་འགྲུལ་པ་རྣམས་ས་ཆ་གཞན་དུ་བཀོད་སྒྲིག་བྱས་ནས་ཕྲུ་གུ་དེ་གན་རྒྱལ་དུ་ཉལ་ས་ཡོད་པ་བྱས་པ་མ་ཟད། གནམ་གྲུའི་ནང་གི་གསོ་རླུང་དམ་བི་བླངས་ནས་གྲ་སྒྲིག་བྱས། སྐབས་དེར། གནམ་གྲུའི་ནང་གི་ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་སྨན་པ་ཧོང་ཡུན་ཤོན་གྱིས་རྒྱང་བསྒྲགས་ཐོས་རྗེས་རང་འགུལ་ངང་རང་ཉིད་སྨན་པ་ཡིན་པ་གསལ་བཤད་བྱས་ནས་རོགས་རམ་བྱེད་དུ་འོང་ཡོད།

       འགྲུལ་ཞབས་ཚོགས་ཆུང་གིས་ཕྱོགས་གཅིག་ནས་ཉེ་འཁོར་གྱི་འགྲུལ་པར་སེམས་གསོ་བྱས་ནས་སྨན་པར་ཅུང་ཁུ་སིམ་པའི་ཁོར་ཡུག་སྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་སྨན་སྒམ་བླངས་ཏེ་སྨན་པར་ཁྲག་ཤེད་འཇལ་ཆས་སྤྲད་ཡོད། སྨན་པ་ཧོང་ལགས་ཀྱིས་བརྟག་དཔྱད་རགས་ཙམ་བྱས་རྗེས། བྱིས་པའི་སྙིང་གཡུག་ཚད་མགྱོགས་དྲགས་པ་དང་། གཟུགས་པོ་སྐྱོ་པོ་ཆགས་ཡོད་པས། གནམ་གྲུར་འདུག་རྒྱུར་མི་འཚམ་པ་ཤེས་རྟོགས་བྱུང་ཡོད།

       བྱིས་པའི་གཟུགས་པོ་སྐྱོ་པོ་ཆགས་ཡོད་པས། གནམ་གྲུར་འདུག་རྒྱུར་མི་འཚམ།

       གནམ་འགྲུལ་ཕྱིར་ལོག་བྱས་ནས་ཕྲུ་གུ་དེ་མྱུར་སྐྱོབ་རླངས་འཁོར་ནང་བསྐྱལ།

       ཁྱིམ་བདག་གིས་མཐར་འགྲུལ་བཞུད་བྱེད་མཚམས་འཇོག་རྒྱུའི་ཐག་བཅད་པ་དང། ཝང་ཡོན་གྱིས་འཕྲལ་དུ་གནམ་གྲུའི་འགོ་དཔོན་ལ་སྙན་སེང་ཞུས་ཤིང་ཀུང་སིའི་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་བ་བྱས་ཏེ་གནམ་གྲུ་ཕྱིར་ལོག་ནས་ཕྲུ་གུ་དེ་མྱུར་སྐྱོབ་རླངས་འཁོར་ནང་བསྐྱལ་ཡོད།

       འགྲུལ་ཞབས་ཚོགས་ཆུང་གི་འགོ་འཛིན་མའེ་ཐིང་གིས་འཕྲལ་མར་འགྲུལ་པ་ཚོར་རྒྱང་བསྒྲགས་བཏང་སྟེ་ནད་པར་རོགས་སྐྱོབ་དགོས་པ་དང་། གནམ་གྲུ་འཇོག་གནས་སུ་ཕྱིར་ལོག་བྱ་རྒྱུ་ཡིན་པ་གསལ་བཤད་བྱས། གནམ་གྲུའི་ནང་གི་འགྲུལ་པ་170ལྷག་གིས་གཞོགས་འདེགས་གང་ལེགས་བྱས་ནས་གནམ་གྲུ་ཕྱིར་ལོག་བྱ་རྒྱུ་སྒུག་ནས་བསྡད།

       གནམ་གྲུ་ཁ་བཀག་པ་དང་། མྱུར་སྐྱོབ་རླངས་འཁོར་ཡང་ནད་པ་སྒུག་པར་སླེབས་ཡོད། སྨན་པ་དང་འགྲུལ་ཞབས་ཚོགས་ཆུང་གིས་མཉམ་དུ་ཕྲུ་གུ་དང་ཁྱིམ་བདག་མྱུར་སྐྱོབ་རླངས་འཁོར་ནང་བསྐྱལ་ནས་འཕྲལ་མར་སྨན་ཁང་དུ་བརྟག་དཔྱད་ཞིབ་ཕྲ་བྱེད་ཏུ་བཅུག

       ཤེས་རྟོགས་བྱུང་བར་གཞིགས་ན། ཕྲུ་གུ་དེ་བདེ་བླག་ངང་སྨན་ཁང་ནས་ཐོན་ཏེ་རང་ཁྱིམ་དུ་འབྱོར་ཡོད་པ་དང་གནས་ཚུལ་ཚབས་ཆེ་བ་མེད་པ་རེད།

       གནམ་གྲུའི་ནང་གི་ཞུམ་མེད་རོགས་སྐྱོབ་བྱེད་མཁན་གྱི་སྨན་པ་དང་། གནམ་གྲུ་ཕྱིར་ལོག་ཀྱང་འཁང་ར་སྤུ་ཙམ་ཡང་མེད་པའི་འགྲུལ་པ། ཛ་དྲག་གི་གནས་ཚུལ་ཐག་གཅོད་འོས་འཚམ་བྱེད་མཁན་གནམ་གྲུའི་ལས་དོན་མི་སྣ་བཅས་ལ་བསྟོད་པར་བྱ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
སྒྲིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

ཡུག་རེན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲཊ་འདི་སྤེལ་རྒྱུ།

ཕེ་སི་ཁོ་ཧྥུ་ཡིས། ཨུ་རུ་སུ་དང་ཧྥེ་གླིང་གི་གླེང་མོལ་ཚོགས་འདུ་མུ་མཐུད་འཚོགས་རྒྱུ་ཡིན་མོད། འོན་ཀྱང་ཙུང་ཐུང་ཕུའུ་ཅིང་དང་ཧྥེ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐེངས་རྗེས་མའི་ཐུག་འཕྲད་དུས་ཚོད་གཏན་འཁེལ་བྱས་མེད་ལུགས་ཀྱང་བསྟན་པ་རེད།

中央广播电视总台 央广网 版权所有

CZ3249རྟགས་ཅན་གྱི་གནམ་གྲུ་འདིར་གནས་ཚུལ་གང་ཞིག་འཕྲད་ཡོད།

ཉིན་དེའི་ཞོགས་པའི་དུས་ཚོད་7དང་སྐར་མ་5ཡི་ཐོག CZ324རྟགས་ཅན་གྱི་དུས་གཏན་གནམ་གྲུ་འཆར་གཞི་ལྟར་རྒྱུག་ལམ་དུ་ཞུགས་ནས་འཕུར་གྲབས་བྱེད་བཞིན་པའི་སྐབས་སུ། ཁྱིམ་བདག་ཅིག་བྲེལ་འཚུབ་ངང་ཞབས་ཞུའི