ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཨ་རིའི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་འཚང་ཁ་ཆེ།

2025-05-27 09:17:00     责编:卓玛才让

ཀྲུང་གོ་དང་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ལེགས་སྒྲིག་བྱས་རྗེས། ཨ་རིའི་ཉོ་སྒྲུབ་ཚོང་པས་བྲེལ་བྲེལ་འཚུབ་འཚུབ་ངང་དངོས་ཟོག་གསོག་ཉར་བྱེད་བཞིན་ཡོད་ཅིང་། ཨ་རིའི་ལམ་ཐིག་གི་མཚོ་ཐོག་སྐྱེལ་འདྲེན་གྱི་དགོས་མཁོ་ཆེས་ཆེར་འཕར་ཡོད་པ་རེད། རྒྱལ་ཡོངས་ནས་ཨ་རིར་ཕྱིར་གཏོང་བྱེད་པའི་ལྟེ་གནས་གལ་ཆེན་ཞིག་ཡིན་པའི་ཧྲེན་ཀྲེན་ཡན་ཐེན་གྲུ་ཁར། མིག་སྔར་ལས་གཉེར་བྲེལ་ཟིང་ཧ་ཅང་ཆེ་བས། གྲུ་གཟིངས་ཀུང་སིས་ཆེད་མངགས་ལས་སྣོན་གྲུ་གཟིངས་མང་དུ་བཏང་ནས་དོན་དེར་ཁ་གཏད་གཅོག་བཞིན་ཡོད་པ་རེད། 

ཡན་ཐེན་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་འགན་འཁུར་བ་ཁྲེན་ཙེ་ཧའོ་ཡིས། འདི་ལོའི་རྒྱུན་སྲོལ་ལྟར་གྱི་ཟླ་བ་7པ་ནས་9པ་བར་གྱི་ཚོང་ཟོག་འདོན་མང་བའི་དུས་ཚིགས་དེ་ཟླ་6པ་ནས་7པ་བར་སྔ་སྣུར་བྱས་ཡོད། གྲུ་ཁས་དངོས་ཟོག་འཇོག་ས་ལེགས་བཅོས་བྱས་པ་མ་ཟད།  སྒྲིག་ཆས་མང་དུ་བཏང་ནས་དངོས་ཟོག་ཇེ་མང་དུ་འགྲོ་བར་ཁ་གཏད་གཅོག་བཞིན་ཡོད།  ཉེ་འཁོར་གྱི་མཛོད་ཁང་མང་པོའི་ནང་དངོས་ཟོག་འཇུག་ཚད་60%ལས་བརྒལ་ནས་དོས་སྒམ་200ལྷག་ཙམ་ཟིན་གྱི་ཡོད། ཟོག་འགྲེམས་ཁེ་ལས་མང་པོ་ཞིག་གིས་ཆུ་ཚོད་24རིང་ལས་ཀ་བྱས་ནས་ཚོང་ཟོག་ཕྱིར་གཏོང་འགན་ལེན་བྱེད་བཞིན་ཡོད་ཅེས་བསྟན་འདུག

ཟོག་སྐྱེལ་ཚབ་བྱེད་ཁེ་ལས་ཀྱིས་ཨ་རིའི་ལམ་ཐིག་གི་གྲུ་ཁང་གི་སྡོད་གནས་ཧ་ཅང་དཀོན་པོ་ཡོད་པས། གྲུ་ཁང་སྔོན་མངག་བྱ་རྒྱུ་དེ་“སྤ་སེ་ཧབ་ཐོབ་རྒྱག་པའི་”སྣང་ཚུལ་དང་གཅིག་མཚུངས་ཡིན་པར་བཤད། འོན་ཀྱང་ལས་རིགས་ནང་ཁུལ་གྱི་མི་སྣས། ཡོ་རོབ་དང་ལ་ཏིང་མེ་གླིང་གི་གྲུ་ལམ་སྔར་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་མཛོད་ཁང་རང་འགུལ་ཅན་དུ་སྒྱུར་བཀོད་བྱས་པ་བརྒྱུད་འཁོར་རྒྱུག་ལས་ཕྱོད་30%མཐོ་རུ་ཕྱིན་ཞིང་། ཉིན་རེའི་ཐག་གཅོད་བྱེད་ཚད་སྒམ་40དང་50བར་ནས་སྒམ་70བར་མང་དུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།

མིག་སྔར་ཨ་རིའི་ལམ་ཐིག་གི་དངོས་ཟོག་སྐྱེལ་འདྲེན་རིན་གོང་རྒྱུན་མཐུད་ངང་འཕར་བཞིན་ཡོད་ཅིང་། རིང་ཚད་དབྱིན་ཁྲུ་40ཟིན་པའི་དོས་སྒམ་གྱི་སྐྱེལ་འདྲེན་རིན་པ་མཐོ་ཤོས་སུ་ཨ་སྒོར་3000བར་འཕར་ཡོད་པ་དང་། རིན་གོང་ཟླ་ཕྱེད་ནང་ལེགས་སྒྲིག་ཐེངས་རེ་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན།  སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་རྗེས་ལུས་ཡིན་པའི་སྒང་ལ་ཨ་རིའི་ཚོང་པས་ཚོང་ཟོག་སྔོན་ལ་གྲབས་གསོག་བྱེད་པ་དེ་ནི་དོན་དེའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད། ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡོན་ཆན་གྱིས།  ཨ་རིའི་ཚོང་པས་སྒོ་ཁྲལ་ལེགས་སྒྲིག་གི་གོ་སྐབས་སྤྱད་དེ་ཚོང་ཟོག་གསོག་ཉར་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གཅིག་སྡུད་ཐོག་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་པ་རེད།

ལས་རིགས་ནང་ཁུལ་གྱི་མི་སྣས་སྔོན་དཔག་བྱས་པར་གཞིགས་ན། གྲུ་གཟིངས་ཀུང་སིའི་སྐྱེལ་འདྲེན་ནུས་པ་ལེགས་སྒྲིག་བྱས་པ་དང་ཆབས་ཅིག་ཁྲོམ་ར་རིམ་བཞིན་བརྟན་དུ་འགྲོ་རྒྱུ་ཡིན་པ་རེད། ཟོག་འགྲེམས་ཁེ་ལས་ཀྱིས་ལོ་མང་རིང་གསོག་འཇོག་བྱས་པའི་བབ་བསྟུན་ནུས་པ་དེས། ལས་རིགས་ཀྱིས་མིག་སྔའི་ཁྲོམ་རའི་འཕར་ཆག་ལ་བག་ཕེབས་ངང་ཁ་གཏད་གཅོག་རྒྱུར་རོགས་རམ་བྱེད་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཨ་རིའི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་འཚང་ཁ་ཆེ།