ལངས་སྟངས་འདི་ལྟ་བུ་སྐར་ཆ་10ཡང་མ་འཁྱོལ་བ་ཡིན་ན། ཡིད་གཟབ་གནང་དགོས།
ཁྲག་ཤེད་དང་ཁྲག་ཚིལ། ཁྲག་མངར་སོགས་དང་འདྲ་བར། དོན་དངོས་ཐོག་ལུས་པོའི་དོ་མཉམ་ནུས་པའང་བདེ་ཐང་ལ་དཔྱད་དཔོག་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ། དེ་ལས་ཐ་ན་ཚེ་ཐག་རིང་ཚད་དང་ཀླད་པའི་ཤེས་ཚོར་ཆུ་ཚད། དེ་བཞིན་སྙིང་དང་ཀླད་པའི་ཁྲག་རྩའི་མ་ལག་གི་གནད་དོན་སོགས་ཀྱང་མངོན་ཐུབ་ཀྱི་ཡོད་པ་རེད།
རྐང་པ་ཡ་གཅིག་ལ་བརྟེན་ནས་དུས་ཚོད་རིང་པོ་ལངས་ཐུབ་པ་དེས་གཅིག་བྱས་ན་ཚེ་རིང་པོ་སྡོད་ཐུབ་པ་མཚོན་གྱི་ཡོད།
གཟུགས་པོའི་དོ་མཉམ་ནུས་པ་ནི་རང་གི་ཚོར་བ་དང་། ཀླད་པས་ཕྱི་རོལ་ལ་བརྡར་ཤ་གཅོད་པ།དེ་བཞིན་སོ་སོའི་གཟུགས་གཞིའི་སྟོབས་ཤུགས་བཀོལ་སྤྱོད་དང་རང་ངོས་སྙོམས་སྒྲིག་བཅས་དང་འབྲེལ་བ་ཡོད་པས། དེ་མི་ཞིག་རྒས་པའི་ཚད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། དོ་མཉམ་ནུས་པ་ཞིབ་དཔྱད་ཚད་ལེན་བྱེད་པ་དེ་རྒས་ཚད་ལ་དཔྱད་དཔོག་བྱེད་པའི་ཐད་སྤྱོད་ཆོག་པ་མ་ཟད། ད་དུང་གཟུགས་གཞིའི་བདེ་ཐང་གི་ཉེན་ཁའང་གསལ་སྟོན་བྱེད་ཐུབ།
མིག་བཙུམས་ནས་རྐང་པ་ཡ་གཅིག་གིས་ལངས་བ་དེས་མིའི་ལུས་ཕུང་གི་ཚོར་སྣང་སྐྱེན་ཚད་དང་དོ་མཉམ་བྱེད་ནུས་ལ་ཚད་འཇལ་ཐུབ་ལ། མིའི་ལུས་ཕུང་རྒས་ཚད་ལ་བརྡར་ཤ་གཅོད་ཐུབ། དེ་ནི་མི་ཞིག་ཚེ་རིང་པོ་ཡོང་ཐུབ་མིན་ལ་དཔྱད་དཔོག་བྱེད་པའི་དམིགས་ཚད་ཅིག་ཡིན།
ཕོ་མོའི་དབྱེ་བ་དང་ལོ་ཚོད་ཀྱི་ཆེ་ཆུང་མེད་པར་མིག་བཙུམས་ནས་རྐང་པ་ཡ་གཅིག་གིས་ལངས་པའི་དུས་ཚོད་སྐར་ཆ་10ལས་བརྒལ་བའི་མིའི་ལུས་ཕུང་ཅུང་བདེ་ཐང་ཡིན་པ་མཚོན་གྱི་ཡོད།
རྒྱལ་ཁབ་ཀྱི་རྒྱལ་དམངས་གཟུགས་གཞི་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི《རྒྱལ་དམངས་ཀྱི་གཟུགས་གཞིའི་སྤུས་ཚད་འཇལ་གཅོད་ཚད་གཞི(2023ལོར་བཟོ་བཅོས་བརྒྱབ་པ)》ནང་དུ་ཚོད་ལྟ་ཞིག་ཡོད་པ་ནི། ལོ་20ནས་79བར་གྱི་མི་དར་མས་བདེ་འཇགས་འགན་ལེན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག མིག་བཙུམས་ནས་རྐང་པ་ཡ་གཅིག་གིས་ལངས་བ་དེ་རེད། ཚོད་ལྟ་བྱེད་སྐབས་མིག་གཉིས་བཙུམས་ནས་རྐང་པ་གཡས་གཡོན་གང་རུང་ནས་གཅིག་ཡར་བཀྱག་དགོས་པ་དང་། རྐང་པ་གཞན་དེ་སྲ་མཁྲེགས་ཅན་གྱི་ས་ངོས་སྙོམས་པོར་བརྫིས་ནས་དུས་ཡུན་ག་ཚོད་ལངས་ཐུབ་པར་བལྟ་དགོས།
ལོ་50ཡན་གྱི་མི་ཞིག་ལ་མཚོན་ན། གལ་ཏེ་མིག་བཙུམས་ནས་རྐང་པ་ཡ་གཅིག་གིས་ལངས་ནས་སྐར་ཆ་10རྒྱུན་འཁྱོངས་བྱེད་མ་ཐུབ་ན། མ་འོངས་པའི་ལོ་4ནས་9བར་འཆི་བའི་ཉེན་ཁ་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། དེ་མིག་བཙུམས་ནས་རྐང་པ་ཡ་གཅིག་གིས་སྐར་ཆ་10བརྟན་པོའི་ངང་ལངས་ཐུབ་མཁན་དག་ལས་84%ཡིས་མཐོ་བ་ཡོད།
གལ་ཏེ་ལོ་50ལ་སླེབས་མེད་པའི་མིས་ལངས་སྟངས་དེ་སྐར་ཆ་10ཡང་རྒྱུན་འཁྱོངས་བྱས་མ་ཐུབ་པ་ཡིན་ན། གནད་དོན་འདིར་ངེས་པར་དུ་སྣང་ཆེན་བྱེད་དགོས།
དོ་མཉམ་ནུས་པ་སྐྱོ་རུ་ཕྱིན་ན་ལུས་པོ་ཡོངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དོ་མཉམ་ནུས་པ་ནི་ལུས་རྩལ་བྱེད་སྒོ་སྣ་ཚོགས་ནང་ཞུགས་པའི་རྨང་གཞི་ཡིན་པ་མ་ཟད། ང་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་དུའང་མེད་དུ་མི་རུང་བ་ཡིན། དེས་འགྲོ་སྡོད་གཉིས་ཀའི་དུས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།
དོ་མཉམ་ནུས་པ་ཡག་པོ་མེད་ན།ང་ཚོའི་ལུས་པོའི་ཕྱོགས་གང་ཅིའི་ཐད་ལ་ཤུགས་རྐྱེན་ཐེབས་སྲིད།
-
འགྱེལ་སླ་བ།
ལུས་པོའི་དོ་མཉམ་ནུས་པ་ཞན་ན། ས་ལ་འགྱེལ་བའི་ཉེན་ཁ་རང་ཤུགས་སུ་ཇེ་མཐོར་འགྲོ་བས། བསམ་ཡུལ་ལས་འདས་པའི་བར་ཆད་སྣ་ཚོགས་འབྱུང་སྲིད། སར་འགྱེལ་བ་ནི་རང་རྒྱལ་གྱི་ལོ་65ཡན་གྱི་རྒན་རྒོན་རྨས་སྐྱོན་ཕོག་ནས་གྲོངས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
-
སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ།
དོ་མཉམ་ནུས་པ་ཞན་པའི་མིའི་ཁོག་སྨད་ཀྱི་ཁྲག་རྒྱུན་འཁོར་རྒྱུག་ལྟོས་བཅས་ཀྱིས་ཞན་པོ་ཡོད་པས། སྙིང་གིས་ལུས་པོའི་དབང་རྩར་ཁྲག་མཁོ་འདོན་བྱེད་སྐབས་གནོན་ཤུགས་ཆེ་རུ་འགྲོ་སྲིད། དེ་ལྟར་དུ་ཡུན་རིང་འགོར་ན་སྙིང་ལ་གནོན་ཤུགས་ཆེན་པོ་ཐེབས་སྲིད།
དེ་མིན། གྲིབ་ནད་ཕོག་པའི་ནད་པའི་ཁྲོད་ཀྱི་མི་83%ལ་དོ་མཉམ་བྱེད་དཀའ་བའི་གནས་ཚུལ་མངོན་གསལ་ལྡན་པ་དང་། དོ་མཉམ་ཞན་པའི་མིར་གྲིབ་ནད་ཐེངས་མང་ཕོག་པའི་ཉེན་ཁ་ནི་སྤྱིར་བཏང་གི་ནད་པའི་ལྡབ་གཉིས་ཡིན།
-
རུས་ཚིགས་ལ་རྨས་སྐྱོན་ཕོག་སླ་བ།
དོ་མཉམ་ནུས་པ་ཇེ་ཞན་དུ་སོང་རྗེས། འགུལ་སྐྱོད་ནུས་པར་ཚོད་འཛིན་ཐེབས་པ་དང་། ཤ་གནད་སྦྱོང་བརྡར་ཐེབས་པའི་གོ་སྐབས་ཇེ་ཉུང་དུ་ཕྱིན་པས། ཡུན་རིང་འགོར་ན། རུས་པ་རྒྱུན་ལྡན་གྱི་འགུལ་སྐྱོད་ལ་སྐུལ་འདེད་ཐེབས་དཀའ་བས། རྒྱུས་པ་དང་པུས་མོའི་ཕྲུམ་རུས་སོགས་བརྡར་ཟད་ཐེབས་པ་དང་། རུས་ཚིགས་ནད་འབྱུང་སྔ་བ་སོགས་མཇུག་འབྲས་ངན་པ་རབ་དང་རིམ་པ་འབྱུང་སྲིད།
-
ཚོར་སྣང་སྐྱེན་པོ་མེད་པར་འགྱུར་བ།
མི་ཞིག་གི་ཚོར་སྣང་སྐྱེན་པོ་ཡིན་མིན་གྱིས་མི་དེའི་ལུས་པོའི་ཁག་སོ་སོའི་མཐུན་སྦྱོར་ནུས་པ་གཅིག་སྡུད་ཐོག་མཚོན་གྱི་ཡོད། ཚོར་སྣང་ནུས་པ་དང་དོ་མཉམ་ནུས་པའི་བར་འབྲེལ་བ་ཆེ་ཙམ་ཡོད་པས། དོ་མཉམ་བྱེད་ནུས་ལ་སྦྱོང་བརྡར་བྱེད་པ་ལས་མི་ཞིག་གི་ཚོར་བ་སྐྱེན་ཚད་མཐོ་རུ་གཏོང་ཐུབ།
དོ་མཉམ་བྱེད་ཤུགས་ཆེར་གཏོང་འདོད་ནས་རྐང་པ་ཡ་གཅིག་ལ་བརྟེན་ནས་ལངས་པའི་སྦྱོང་བརྡར་དང་། དེའི་ཞིབ་ཕྲའི་བྱེད་སྟངས་ནི་རྐང་པ་གཉིས་སྲ་མཁྲེགས་ཅན་གྱི་ས་ངོས་སྙོམས་པར་ཙོག་པུར་ལངས་ནས། ལག་པ་གཉིས་རང་བཞིན་དུ་ཕྱོགས་གཉིས་སུ་བརྐྱངས་པ་དང་སྦྲགས་རྐང་པ་ཡ་གཅིག་ཡར་བཀྱག་པའམ་ཡང་ནས་རྐང་པ་གཞན་ཞིག་གི་ཉྭ་རིལ་ཐོག་བཞག་ཏེ་སྐར་ཆ་10ནས་30བར་རྒྱུན་འཁྱོངས་བྱ་དགོས། གལ་སྲིད་སྦྱོང་བརྡར་གྱི་བརྒྱུད་རིམ་ཁྲོད་དོ་མཉམ་བྱེད་ཁག་པོ་ཡིན་ན་ལག་པ་གཅིག་གིས་གྱང་ངོས་སམ་སྒྲོམ་སྐྱོར་སོགས་ལ་བརྟེན་ནས་བསྒྲུབ་ཆོག དེ་ལྟར་རྐང་པ་གཉིས་རེས་མོས་ཀྱིས་ཉིན་རེར་ཐེངས་གཉིས་ནས་གསུམ་པ་སྦྱངས་ན་འཚམ་པོ་ཡོད། ལོ་ན་ཅུང་བགྲེས་པའི་རྒན་ཁོག་ལ་མཚོན་ན་ཐང་ཆེན་དུ་ཞབས་བྲོ་དལ་ལྷོད་འཁྲབ་པ་དང་ཡོ་ག་སོགས་སྦྱངས་ན་དོ་མཉམ་ནུས་པར་ཕན་པ་ཆེ། དམིགས་སུ་ཞུ་དགོས་པ་ཞིག་ལ་གོང་གསལ་གྱི་སྦྱོང་བརྡར་དེ་དག་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་བདེ་འཇགས་ལ་གཟབ་གཟབ་བྱས་ནས་ས་ལ་མི་འགྱེལ་བ་བྱ་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།