ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》འགྲེམས་སྤེལ་བྱས་པ།

2024-04-23 17:40:00     责编:卓玛才让

     ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོ་ཏི་108པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་མ་ལག་ལྡན་པའི་འཚོལ་བསྡུ་ལེགས་སྒྲིག་དང་། གཟབ་ནན་གྱི་ཞིབ་བསྡུར་དང་རྩོམ་སྒྲིག་པར་སྐྲུན་བྱས་པ་བརྒྱུད། ལོ་ངོ་སྟོང་ཕྲག་དུ་མའི་བོད་ཀྱི་ཤེས་རིག་མཚོན་པའི་གནའ་དཔེ་དག་དེང་རབས་ཀྱི་པར་འདེབས་ལག་རྩལ་དང་གྲངས་འཛིན་དཔེ་སྐྲུན་གྱི་རྣམ་པའི་ཐོག་ནས་མངོན་ཡོད་པས། ཕྱི་ཕྱོགས་ཀྱིས་རང་རྒྱལ་གྱི་བོད་ཀྱི་རིག་གནས་འགོ་ཁུངས་དང་འཕེལ་རིམ་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་རྩོམ་སྒྲིག་ལས་ཀ་དེ་2016ལོའི་ཟླ་9པ་ནས་དངོས་སུ་འགོ་བརྩམས་ཡོད་པ་དང་། རྩོམ་སྒྲིག་མི་སྣ་ཡོངས་ཀྱིས་ལོ་ངོ་དྲུག་ལྷག་འབད་བརྩོན་བྱས་པའི་འོག ལས་གཞི་འདི་ཉིད་དངོས་སུ་ལེགས་འགྲུབ་བྱུང་ཡོད་པ་དང་། ཁྱོན་གླེགས་བམ་178ཡོད་ཅིང་། གཙོ་བོར་མདོ་དང་འབུམ། རྒྱུད། མཛོད་སོགས་ཀྱིས་གྲུབ་ཡོད། ནང་དོན་གྱི་ཁོངས་སུ་ཆོས་ལུགས་དང་མཚན་ཉིད་རིག་པ། གཏན་ཚིགས་རིག་པ། རྩོམ་རིག སྒྱུ་རྩལ། སྐར་རྩིས། གསོ་རིག བཟོ་སྐྲུན། དམངས་སྲོལ་སོགས་འདུས་ཡོད།

     བོད་ཡིག་གནའ་དཔེ་ནི་ཀྲུང་ཧྭ་མི་རིགས་ཀྱི་གནའ་བོའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་ཀྱི་གནའ་བོའི་ཤེས་རིག་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།

   《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ནི་མཚོ་བོད་ས་མཐོའི་ས་སྐྱེས་རྡོ་སྐྱེས་ཀྱི་གནའ་བོའི་རིག་གནས་ཀུན་བཏུས་ཆེན་པོ་ཞིག་དང་། བོད་མི་རིགས་ཀྱི་རང་སའི་རིག་གནས་ཀུན་བཏུས་ཆེན་མོ་ཞིག་ཡིན་ཞིང་། གང་དེར་འབྲེལ་ཡོད་མཁས་པས“བོད་ཀྱི་ངོ་མཚར་ཆེ་བའི་རིག་གནས་ཀྱི་གསང་བ་འབྱེད་པའི་གསེར་གྱི་ལྡེ་མིག”ཅེས་བསྔགས་བརྗོད་གནང་ཡོད།

     ད་ཐེངས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པར་དུ་བསྐྲུན་པ་དེ་ནི་དེ་ལྟ་བུའི་གནའ་བོའི་རིག་གནས་ཀྱི་གཅེས་ནོར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་ནས་བཤད་ན་དོན་སྙིང་བླ་ལྷག་ཏུ་ལྡན་པ་ཞིག་ཡིན་ཞིང་། དེའི་ཐོག་ནས་རང་རྒྱལ་གྱིས་རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ཕྱོགས་གང་ས་ཅི་ཐད་ནས་འབད་བརྩོན་བྱེད་བཞིན་པ་མཐོང་ཐུབ་ལ། ཏང་དང་རྒྱལ་ཁབ་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་བྱེ་བྲག་གི་མཚོན་ཚུལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

中央广播电视总台 央广网 版权所有

《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》འགྲེམས་སྤེལ་བྱས་པ།