ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མངའ་རིས་ཀྱི་ཉེན་རྟོག་པས་ཡུལ་སྐོར་བ་3བསྐྱབས་འདུག

2024-04-19 10:32:00     责编:娜科

    ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་བར་ག་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་ཐར་ཆེན་མཐའ་མཚམས་མངགས་གཏོང་ཁང་གིས་ཟླ་4ཚེས་16ཉིན་ཛ་དྲག་གི་མཉམ་འབྲེལ་ལས་སྒྲུབ་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ནས། གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་གངས་འཁྱག་ལ་མ་འཛེམ་པར་རྒྱུ་མ་ལུང་དུ་བསྐྱོད་དེ། མི་མེད་ཁུལ་དུ་འཛུལ་ནས་ལུས་པའི་ཡུལ་སྐོར་བ་3བདེ་བླག་ངང་སྐྱོབ་ཐུབ་ཡོད་པ་རེད།

 

 

སྤྱི་ཚེས་16ཉིན་གྱི་ཆུ་ཚོད་11དང་སྐར་མ་15ཡི་ཐོག བར་ག་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ་ཐར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་དོན་བརྡ་ཁྱབ་འབྱོར་ཡོད། ཡུལ་སྐོར་བ་3གྱིས་ཟླ་4ཚེས་14ཉིན་གྱི་ཕྱི་དྲོ་རླངས་འཁོར་བཏང་ནས་བོད་ལྗོངས་མངའ་རིས་ཁུལ་གྱི་དགེ་རྒྱས་རྫོང་ཡག་རྭ་ཤང་དུ་སྐྱོད་སྐབས། ལམ་ནོར་ནས་རྒྱུ་མ་ལུང་གི་མི་མེད་ཁུལ་དུ་འཛུལ་བ་དང་། རླངས་འཁོར་ཞིང་ཆེན་གཞུང་ལམ་518ལམ་ཉེ་འགྲམ་གྱི་གངས་གསོག་ཁྲོད་དུ་ལུས་ནས་འགུལ་སྐྱོད་བྱེད་ཐབས་བྲལ་བས་ཆུ་ཚོད་40ཙམ་ལུས་ཡོད། དེའི་ནང་གི་ཡུལ་སྐོར་བ་ཞིག་གི་གནས་ཚུལ་ཉེན་ཁ་ཆེ་བ་དང་། ཁྲག་ནང་དབྱང་འདུས་ཚད་ཅུང་དམའ་བས། སྔོན་ལ་སྐྱོབ་བཅོས་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད། ཉེན་བརྡ་འབྱོར་རྗེས། བར་ག་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འཁྱེར་བདེའི་དབྱང་རླུང་ཤེལ་དམ་དང་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད་པ་རེད།

 

 

ཉེན་རྟོག་རླངས་འཁོར་ཆུ་ཚོད་1ཙམ་བསྐྱོད་ནས་རོགས་སྐྱོབ་བྱ་ཡུལ་གྱི་ཉེ་འགྲམ་དུ་འབྱོར་ཞིང་། འགྲོ་ལམ་དུ་གངས་གསོག་ཐེབས་པ་དང་། དོན་རྐྱེན་བྱུང་སའི་ས་བབ་སྨི་5300ལྷག་ཙམ་ཟིན་པས། རླངས་འཁོར་མུ་མཐུད་མདུན་སྐྱོད་བྱེད་ཐབས་བྲལ་བ་རེད། ཉེན་རྟོག་པས་རྐང་ཐང་དུ་ཐོན་ནས་སྔོན་ལ་འཁྱེར་བདེའི་དབྱང་རླུང་ཤེལ་དམ་སྤྱད་དེ་ཡུལ་སྐོར་བར་དབྱང་རླུང་མཁོ་འདོན་བྱས་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ནས། སྔོན་ལ་དེ་གར་ལུས་པའི་མི་སྣ་དང་རླངས་འཁོར་ནང་གི་རྩ་ཆེའི་དངོས་པོ་བདེ་འཇགས་ཁུལ་དུ་དབོར་སྐྱེལ་བྱས་ཡོད། 

དེ་རྗེས་ཐར་ཆེན་མཐའ་མཚམས་མངགས་གཏོང་ཁང་དང་བར་ག་ཤང་འཕྲོད་བསྟེན་ཁང་གི་འབྲེལ་ཡོད་རོགས་སྐྱོབ་མི་སྣ་ཡང་གཅིག་རྗེས་གཉིས་མཐུད་ངང་ས་གནས་ས་ཐོག་ཏུ་འབྱོར་ནས་རོགས་སྐྱོབ་ལས་དོན་སྤེལ་ཡོད་པ་རེད། ཉིན་དེའི་ཕྱི་དྲོར། ཞིབ་བཤེར་ས་ཚིགས་ཀྱིས་འདྲུད་འཐེན་རླངས་འཁོར་ཆེ་གྲས་ཤིག་དང་འབྲེལ་བ་བྱས་ཏེ་དེ་གར་ལུས་པའི་རླངས་འཁོར་ཕྱིར་དྲུད་པ་དང་། དེ་གར་ལུས་པའི་ཡུལ་སྐོར་བ་ཚང་མ་དཀའ་ཉེན་ལས་སྒྲོལ་རོགས་བྱས་ཡོད།

 

 

བོད་ལྗོངས་མངའ་རིས་ས་ཁུལ་གྱི་ས་བབ་ཅུང་མཐོ་བས་མ་ཚད། ཉེ་དུས་ས་གནས་དེ་གའི་ཁུལ་ཁག་གཅིག་ཏུ་མུ་མཐུད་གངས་བབབ་པ་དང་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པས། ཞིབ་བཤེར་ས་ཚིགས་ཀྱིས་ཡུལ་སྐོར་བས་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱས་ནས། རང་མཚམས་ངང་མི་མེད་ཁུལ་དུ་བསྐྱོད་མི་རུང་བའི་དྲན་སྐུལ་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། ཀུན་བཟང་དབང་མོ།

中央广播电视总台 央广网 版权所有

མངའ་རིས་ཀྱི་ཉེན་རྟོག་པས་ཡུལ་སྐོར་བ་3བསྐྱབས་འདུག

བོད་ལྗོངས་མངའ་རིས་ས་ཁུལ་གྱི་ས་བབ་ཅུང་མཐོ་བས་མ་ཚད། ཉེ་དུས་ས་གནས་དེ་གའི་ཁུལ་ཁག་གཅིག་ཏུ་མུ་མཐུད་གངས་བབབ་པ་དང་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པས།