ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་ཀྱི་ཀུ་ཤུ་ནེ་པ་ལར་ཕྱིར་གཏོང་བྱས་འདུག

2024-04-12 16:28:00     责编:娜科

   ཟླ་4ཚེས་10ཉིན། ཉིང་ཁྲིའི་ཀུ་ཤུ་སོས་པ་ཏུན་23དབོར་འདྲེན་རླངས་འཁོར་ནང་བླུགས་ནས་སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་ཕྱིར་གཏོང་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་མང་ཚོགས་དག་ལ་ཉིང་ཁྲིའི་ཀུ་ཤུ་སོས་པའི་བྲོ་བ་ཞིམ་པོ་མྱོང་དུ་བཅུག་ཡོད། འདི་ཡང་བོད་ལྗོངས་རང་ས་ནས་སྨིན་པའི་ཤིང་འབྲས་ཕྱིར་གཏོང་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། 

 

 

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲིའི་ཀུ་ཤུར་མངར་ཆ་འདུས་ཚད་མཐོ་བ་དང་བྲོ་བ་ཞིམ་ལ་ལྷད་འདྲེས་མེད་རྐྱེན་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། 2023ལོའི་ཐོན་འབོར་ཏུན་ཁྲི་1.5ཙམ་ཟིན་པས་ཕྱིར་གཏོང་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། འདི་ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་ར་གཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་ཡོད། ལྷ་ས་འགག་སྒོས་འགན་ནུས་འདོན་སྤེལ་གང་ལེགས་དང་བརྟག་ཞིབ་ཧུར་ཐག་བྱས་ཏེ། ཁེ་ལས་ཀྱི་ཕྱིར་གཏོང་འདུན་པ་ཤེས་རྟོགས་བྱུང་རྗེས་རང་འགུལ་ངང་འབྲེལ་མཐུད་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་དང་། བོད་ལྗོངས་རང་ས་ནས་སྨིན་པའི་ཀུ་ཤུ་ཕྱིར་གཏོང་བྱེད་ཐེངས་དང་པོར་སྐུལ་འདེད་བཏང་ཡོད།

ད་ཐེངས་ནེ་པ་ལར་དབོར་བའི་ཉིང་ཁྲིའི་ཀུ་ཤུ་ཏུན་23.38དེ་བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིས་ཕྱིར་གཏོང་བྱས་པ་ཞིག་རེད། ཀུང་སིའི་འགན་འཁུར་བ་ལི་ལུང་ཅིང་གིས། འགག་སྒོས་ཁེ་ལས་ཀྱི་ཐོ་འགོད་སྙན་སེང་དང་ཤིང་འབྲས་ལྡུམ་རའི་ཐོ་འགོད། དེ་བཞིན་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སོགས་ཀྱི་ཐད་ཆེད་ལས་མཛུབ་ཁྲིད་མང་པོ་བྱས་བྱུང་ལ། ང་ཚོས་ཨ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་རའི་སྒོ་མོ་འབྱེད་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང་། འདི་ལོ་ང་ཚོས་སྔོན་དཔག་བྱས་ན་ཀུ་ཤུ་ཏུན་1000ཙམ་ཕྱིར་གཏོང་བྱ་རྒྱུ་དང་། ད་དུང་ཀུ་ཤུའི་མྱུག་སོན་དང་བཟའ་བྱའི་ཤ་མོ་སོགས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་པ་རེད། 

 

 

ཞིང་ལས་ཐོན་རྫས་སོས་པ་ཡིན་མིན་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པས་འགག་སྒོ་སྒྲོལ་བའི་དུས་ནུས་རང་བཞིན་ཐད་རེ་བ་མཐོ་པོ་ཡོད། ལྷ་ས་འགག་སྒོས་གཏོགས་ཁོངས་ཐོག་འགག་སྒོ་སྣོན་ཞེས་པའི་ཀུ་ཤུ་སོས་པ་ཕྱིར་གཏོང་གི་སྦྲེལ་ཐག་ཧྲིལ་པོའི་ལྗང་མདོག་བགྲོད་ལམ་རྒྱུན་ཆད་མེད་པར་ཤར་གཏོང་བྱས་པ་དང་། སྔོན་ཚུད་ནས་སྙན་ཞུ་ཕུལ་བ་དང་དུས་རྣམ་ཀུན་ཏུ་འགག་སྒྲོལ་བྱེད་པ་སོགས་ཀྱི་ཞབས་ཞུ་བཏོན་ནས། འཕྲལ་དུ་སྙན་ཞུ་དང་འཕྲལ་དུ་ཞིབ་བཤེར། འཕྲལ་དུ་གློད་གཏོང་བཅས་བྱས་པས་ཁེ་ལས་ཀྱི་འགག་སྒྲོལ་མ་གནས་ཆེས་ཆེར་དམའ་རུ་བཏང་ཡོད།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལྷ་ས་འགག་སྒོས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོར་བོད་ལྗོངས་འགག་སྒོས་བཟའ་བཅའི་ཞིང་ལས་ཐོན་རྫས་ཏུན་ཁྲི་10ལྷག་ཙམ་ཕྱིར་གཏོང་བྱས་པ་དང་། དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་5.1ཟིན་པ། ཕྱིར་གཏོང་བྱེད་པའི་ཞིང་ལས་ཐོན་རྫས་གཙོ་བོ་ནི་ཀུ་ཤུ་སོས་པ་དང་སྒོག་པ། སྟར་ཁ་བཅས་ཡིན་པ་རེད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། བདེ་གཡང་།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ཀུ་ཤུ་ནེ་པ་ལར་ཕྱིར་གཏོང་བྱས་འདུག

2023ལོར་བོད་ལྗོངས་འགག་སྒོས་བཟའ་བཅའི་ཞིང་ལས་ཐོན་རྫས་ཏུན་ཁྲི་10ལྷག་ཙམ་ཕྱིར་གཏོང་བྱས་པ་དང་། དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་5.1ཟིན་པ། ཕྱིར་གཏོང་བྱེད་པའི་ཞིང་ལས་ཐོན་རྫས་གཙོ་བོ་ནི་ཀུ་ཤུ་སོས་པ་དང་སྒོག་པ། སྟར་ཁ་བཅས་ཡིན་པ་རེད།