ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་ལྟར་འཕེལ་རྒྱས་བྱུང་།

2024-03-29 15:33:00     责编:卓玛才让

 

     སྤྱི་ཟླ་3ཚེས་28ཉིན་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བའི་དྲན་གསོའི་ཉིན་མོ་ཞིག་རེད། སྤྱི་ལོ་1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཡོངས་སུ་མེད་པ་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་སྟེ་བོད་ལྗོངས་གསར་པའི་བདག་པོ་ངོ་མར་གྱུར་ཡོད། ཏང་གི་མི་རིགས་སྲིད་ཇུས་བོད་ལྗོངས་སུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱུང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བོད་ཀྱི་བྱ་གཞག་ཁག་ལ་དབྱར་གཞུང་གི་མཚོ་མོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།

དང་པོ། ཆབ་སྲིད་དབང་ཆར་འགན་ལེན་ཏན་ཏིག་བྱུང་བ།

     ཏང་གི་འགོ་ཁྲིད་ལ་སྐུལ་འདེད་དང་མི་དམངས་རང་ཁྱིམ་རང་བདག་དང་ཁྲིམས་ལྟར་བོད་སྐྱོང་གཉིས་ཟུང་འབྲེལ་ནུས་ལྡན་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་གྲོས་ཚོགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལག་ལེན་ནུས་ལྡན་བསྟར་བས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ནས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་བྱ་དོན་དང་ས་གནས་ཀྱི་བྱ་དོན་ལ་དོ་དམ་བྱེད་པའི་ནང་ཞུགས་རྒྱུ་བྱུང་ཡོད། མིག་སྔའི་བར། བོད་རིགས་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ཀྱིས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཁྲོད་བཟུང་བའི་བསྡུར་གྲངས་དེ་བརྒྱ་ཆ་98.2ཟིན་པ་དང་། རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་ཁྲོད་བཟུང་བའི་བསྡུར་གྲངས་དེ་བརྒྱ་ཆ་85.7ཟིན་ཏེ་མི་རིགས་ཁག་མི་དམངས་ནས་ཁྲིམས་ལྟར་རང་ཁྱིམ་རང་བདག་དང་སྲིད་ཞུགས་སྲིད་གླེང་བྱེད་པའི་དབང་ཆར་འགན་སྲུང་ཏན་ཏིག་བྱུང་ཡོད།

གཉིས་པ། དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་བྱུང་བ།

     ལོ་ངོ་65རིང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་འགག་གཏོར་དཀའ་སེལ་དང་། ཀུན་སེམས་གཅིག་སྒྲིལ་གྱིས་བརྟན་ལྷིང་སྲུང་སྐྱོང་དང་གོང་འཕེལ་ཇུས་འགོད་བྱས་པས། བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་ཡང་སྤྱི་ལོ་1959ལོའི་སྒོར་དུང་ཕྱུར་1དང་བྱེ་བ་7དང་ས་ཡ་4ཙམ་ནས་སྤྱི་ལོ་2023ལོའི་སྒོར་དུང་ཕྱུར་2392དང་བྱེ་བ་6དང་ས་ཡ་7བར་འཕར་སྣོན་བྱུང་ཡོད།

གསུམ་པ། བདེ་ཐང་གི་ཆུ་ཚད་མངོན་གསལ་པོས་མཐོ་རུ་སོང་བ།

     སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་དེ་སྤྱི་ལོ་1959ལོའི་འབུམ་ཆ་ལྔ་སྟོང་དང་སྟོང་ཆ་430ཟིན་པ་དེ་ཁག་སོ་སོ་སོར་འབུམ་ཆ་45.5དང་སྟོང་ཆ་7.5བར་ཆག་པ་དང་། མི་འབོར་གྱི་ཆ་སྙོམས་ཚེ་ཚད་ཀྱང་སྤྱི་ལོ་1959ལོའི་ལོ་35.5ནས་ལོ་72.19བར་རིང་དུ་སོང་ཡོད།

བཞི་པ། རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ།

     འགྲིམ་འགྲུལ་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡག་ཏུ་སོང་བའི་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་ཀྱང་སྤྱི་ལེ་ཁྲི་12.14ཟིན་ཡོད། མེ་འཁོར་ཡང་མཚོ་བོད་ས་མཐོའི་ཐོག་ཤར་བགྲོད་ཐུབ་པ་དང་། བསྐྱར་དར་རྟགས་ཅན་ཡང་བོད་དུ་སླེབས་པ། ཁྲོན་བོད་ལྕགས་ལམ་ཡང་མགྱོགས་མྱུར་འཛུགས་སྐྲུན་བྱེད་བཞིན་ཡོད།  གཞན་ད་དུང་། བོད་ལྗོངས་ཀྱི་མཁའ་འགྲུལ་བདེ་བླག་ངང་གཉེར་སྐྱོང་ཐུབ་པ་དང་། གློག་དྲ་དང་5Gདྲ་བ་བོད་ལྗོངས་ཀྱི་རྫོང་དང་ཤང་ཡོངས་ལ་ཁྱབ་ཡོད།

ལྔ་པ། སློབ་གསོའི་བྱ་གཞག་སྤུས་མཐོའི་གོང་འཕེལ་བྱུང་བ།

     སློབ་ལོ་མ་ལོན་གོང་གི་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་དེང་རབས་སློབ་གསོའི་མ་ལག་འཐུས་ཚང་ཞིག་གྲུབ་ཟིན་པ་དང་། མིག་སྔའི་ཆར་རིགས་ཁག་གི་སློབ་གྲྭ་3409ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་གྲངས་འབོར་ཡང་ཁྲི་94.9ཟིན་ཞིང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་བརྒྱ་ཆ་97.73ཟིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

བོད་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་ལྟར་འཕེལ་རྒྱས་བྱུང་།