ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཞིབ་བསྡུར་ཚོཊ་འདུ་གལ་ཆེན་ཞིག་འཚོཊ།

2024-03-29 09:33:00     责编:卓玛才让

     སྤྱི་ཟླ་3ཚེས་28ཉིན། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བའི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད། ད་ཐེངས་ཞིབ་བསྡུར་ཚོགས་འདུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ལག་ལེན་ཞེས་པ་བརྗོད་གཞི་གཙོ་བོར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་དང་བློ་སྒོར་ཞིབ་བསྡུར་གཏིང་ཟབ་བྱེད་པ། བོད་ལྗོངས་ཀྱི་སྤུས་མཐོའི་གོང་འཕེལ་གྱི་ཕན་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་རྒྱལ་སྤྱི་ཅན་དུ་རྒྱུད་བསྒྲགས་བྱ་རྒྱུར་མཉམ་དུ་གྲོས་ཞིབ་བྱེད་པ་བཅས་བྱ་ཆེད་ཡིན་པ་རེད། ཞིབ་བསྡུར་ཚོགས་འདུར་ཁྱོན་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་རིགས་གཅིག་མཁས་དབང་དང་ཤེས་ལྡན་པ་80ལྷག་ཞུགས་ཡོད།

     ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་དབྱང་ཏང་གི་སློབ་གྲྭ༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽ ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོ་མི་དམངས་སློབ་ཆེན། བོད་ལྗོངས་སློབ་ཆེན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་དང་དེ་བཞིན་འཇར་མན་དང་ཨོ་སི་ཁྲུ་ལི་ཡའི་རིགས་གཅིག་མཁས་ཅན་དང་མཁས་དབང་13 དེ་བཞིན་ཕྱིར་སྡོད་བོད་རིགས་སྤུན་ཟླ་བཅས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ལག་ལེན་ལ་སྐུལ་འདེད་གཏོང་བའི་ངོས་འཛིན་དང་བསམ་གཞིག་མཉམ་སྤྱོད་གནང་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན། བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས། ཞག་སྡོད་ལམ་ལུགས་གསར་པའི་སློབ་གྲྭ བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་གི་འཕེལ་རྒྱས། བོད་ལྗོངས་ཀྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་། ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་སོགས་ཀྱི་ཟུར་ཚད་ཐོག་ནས་ཕུན་སུམ་ཚོགས་ཤིང་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་ལོ་རྒྱུས་ཀྱི་དོན་དངོས་འབོར་ཆེན་སྤྱད་དེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་བརྗོད་དང་། ལོ་ངོ་65རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་དག་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་ཕྱོགས་ཡོངས་ནས་མཚོན་པར་བྱས་པ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དེ་ནི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་ཞིག་ཡིན་པ་གསལ་སྟོན་གཏིང་ཟབ་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པའི་འགྱུར་མེད་གོམ་སྟབས་དང་བྱེད་ཐབས་ནུས་ལྡན་གང་ལེགས་མངོན་པ་བྱས་ཐོག འཛམ་གླིང་ཕྱོགས་ལ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་སྤུས་ལེགས། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་ངོ་སྤྲོད་གནང་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་ཞེས་གསུངས་མྱོང་ཡོད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ཡན་ཝུན་གྱིས་ཤིས་ཚིག་གསུང་སྐབས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དེ་ནི་ལོ་རྒྱུས་འཕེལ་རྒྱས་བྱུང་བའི་ལྡོག་མེད་གདམ་ག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་བ་ཞིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམངས་གཙོའི་ཁེ་དབང་རྒྱ་ཁྱབ་དང་གང་ལེགས་ལོངས་སུ་སྤྱོད་རྒྱུ་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་ལ་སྤྱི་ཡོངས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཆོས་དད་རང་མོས་ལ་འགན་ལེན་ནུས་ལྡན་བྱུང་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་བྱུང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་པས། དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་གནང་བའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དགེ་མཚན་གང་ལེགས་མཚོན་ཡོད། བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ཀྱི་འཐབ་རྩོད་དང་རྒྱལ་སྤྱིའི་བརྒྱུད་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་ལེགས་ཆ་དེ་སྐད་ཆའི་ལེགས་ཆར་འགྱུར་བ་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་དང་བོད་ཀྱི་དར་རྒྱས་གོང་འཕེལ་གྱི་ཁྲིམས་དང་དོན་གཉིས་ཀྱི་གནས་ལུགས་གསལ་པོ་བརྗོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས་ཞེས་གསུངས་ཡོད།

     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་གིས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དེ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་གལ་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་རྐྱེན་ཆེན་པོ་ཞིག་ཀྱང་རེད། རླབས་ཆེ་བའི་དོན་ཆེན་འདིར་དྲན་གསོ་ཞུ་བ་ནི་བདེན་རྫུན་གསལ་འབྱེད་དང་། བཟང་ངན་གསལ་འབྱེད། མི་ཡི་ལ་རྒྱ་སྲུང་སྐྱོང་བཅས་བྱེད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། མི་ཡུལ་གྱི་དྲང་བདེན་དང་། ནོར་འཁྲུལ་གྱི་ངོས་འཛིན་དག་སེལ། ལོག་སྤྱོད་ཀྱི་ལྟ་བར་དགག་གཞག བཟང་རྫུ་ཡི་ངོ་རིས་ཐེར་འདོན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རླབས་ཆེ་བའི་དོན་ཆེན་འདིར་དྲན་གསོ་ཞུ་བ་ནི་བོད་ཀྱི་ཕུགས་ཀྱི་མདུན་ལམ་དང་ལས་དབང་། དེ་བཞིན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་ཡོད་པས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་གཞི་འཛིན་ས་དང་ལངས་ཕྱོགས་བརྟན་པོ། བློ་སྤོབས་ཆེན་པོ་བཅས་གང་ལེགས་མངོན་པར་བྱེད་དགོས། རླབས་ཆེ་བའི་དོན་ཆེན་འདིར་དྲན་གསོ་ཞུ་བ་ནི་ནུབ་ཕྱོགས་ལྟེ་འཛིན་རིང་ལུགས་ཀྱི་སྐད་ཆའི་བཙན་དབང་མེད་པར་བཟོ་བ་དང་། ཀྲུང་གོའི་སྐད་ཆ་དང་ཀྲུང་གོའི་དོན་བརྗོད་མ་ལག་བཙུགས་ཏེ།  ཡིད་རྟོན་རུང་བ་དང་། གཅེས་པར་འོས་པ། གུས་པར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་གང་ལེགས་བསྐྲུན་པ་བརྒྱུད་རྒྱལ་སྤྱིའི་ཆབ་སྲིད་འཐབ་རྩོད་དང་རིག་གནས་སྤེལ་རེས་ཁྲོད་ཀྲུང་གོའི་སྐད་ཆའི་རང་འགུལ་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད།

     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་བོད་ཀྱི་དམིགས་བསལ་ཁུལ་གྱི་གནས་ཚུལ་གཉིས་ཟུང་འབྲེལ་བྱེད་པའི་རླབས་ཆེན་གྱི་གསར་གཏོད་ཅིག་རེད་ལ། བོད་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་བ་དང་། ཆེས་གཏིང་ཟབ་པ། ཆེས་རླབས་ཆེ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་བཏོན་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་བོད་རིག་པའི་ཞིབ་འཇུག་བྱ་གཞག་གི་རྣམ་པ་གསར་པ་གཏོད་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། བོད་དང་བོད་འབྲེལ་ཞིང་ཆེན་བཞིའི་ཁུལ་དང་རྫོང་བརྟན་ཐོག་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཞིབ་བསྡུར་ཚོཊ་འདུ་གལ་ཆེན་ཞིག་འཚོཊ།