ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

དབྱི་ཕེང་ཧྥེ་ལ་ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

2024-03-26 17:04:00     责编:卓玛才让
      ཚེས་25ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཐོག་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་དབྱི་ཕེང་ཧྥེ་ཡིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་དབྱི་ཕེང་ཧྥེ་ཡིས་ལྐོག་རྔན་བླངས་པའི་ཉེས་མིང་ཐོག་ནས་ཚེ་གང་བཙོན་འཇུག་གི་ཉེས་ཆད་གཅོད་རྒྱུ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ། འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་ལ་དུས་བཀག་བཙོན་འཇུག་ལོ་ལྔ་བྱ་རྒྱུ་དང་། མཐར་ཚེ་གང་བཙོན་འཇུག་བྱ་རྒྱུ། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད། དབྱི་ཕེང་ཧྥེ་ཡིས་རྐོག་རྔན་བླངས་པའི་ཉེས་བསགས་ལས་བྱུང་བའི་ཐོབ་ཆ་དང་དེའི་སྐྱེད་འཕེལ་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་རྩིས་འབུལ་བྱ་རྒྱུ་དང་། མི་འདང་བའི་ཆ་རྣམས་མུ་མཐུད་དེ་བདའ་འདེད་རྩིས་ལེན་བྱ་རྒྱུ་ཡིན་པ་རེད།

  • ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར།

     2003ལོ་ནས་2023ལོའི་བར། ཞུ་སྦྱོར་ཕྱི་མ་དབྱི་ཕེང་ཧྥེ་ཡིས་ཧུའུ་ནན་ཞིང་ཆེན་གྱི་དེ་སྔའི་གོང་འཕེལ་དང་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཧོའེ་ཧྭ་གྲོང་ཁྱེར་གྱི་གྲོང་སྤྱི། ལོའུ་ཏི་གྲོང་ཁྱེར་གྱི་གྲོང་སྤྱི། ཁྲེན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་ལས་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་ཡང་ན་གནས་བབ་ལས་གྲུབ་པའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་པ་དང་། ཁེ་ལས་གཉེར་སྐྱོང་། གོ་གནས་སྤོར་བ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་ཡང་ན་མི་གཞན་བརྒྱུད་དེ་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་ཁྱོན་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་8140ལྷག་ཙམ་ཟིན་ཡོད།

     2019ལོའི་ཟླ་4པ་ནས་2020ལོའི་ཟླ་10པའི་བར། དབྱི་ཕེང་ཧྥེ་ཡིས་ཁྲེན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རིང་། ཚོང་འགུགས་ལས་དོན་ཁྲོད་འབྲེལ་ཡོད་ཀུང་སིས་བཏོན་པའི་ས་ཆ་ནང་བཤུག་གི་གཟིགས་སྐྱོང་སྲིད་ཇུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་རིན་མེད་པ་དང་ངོ་བོ་འགྱུར་བའི་ཐོག་ནས་ས་ཆ་ནང་བཤུག་བཏང་བའི་དངུལ་ཕྱིར་སློག་གཏན་འགོག་གི་གཏན་འབེབས་ལས་འགལ་བ་མ་ཟད། འབྲེལ་ཡོད་མི་སྣས་མོས་མཐུན་མེད་པའི་བསམ་འཆར་ཁ་གསལ་བཏོན་པའི་གནས་ཚུལ་འོག རང་དགར་ས་ཆ་ནང་བཤུག་གཏོང་དངུལ་ཕྱིར་སློག་བྱ་རྒྱུའི་གཏན་འབེབས་བྱས་པ་དེས་སྤྱི་པའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པ་དང་ཉེས་ཚབས་ཧ་ཅང་ཆེན་པོ་ཡོད་པ་རེད།

     ལིའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་དབྱི་ཕེང་ཧྥེ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་པ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་པ་བསགས་ཡོད་ཅིང་། ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་མང་བ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་གནས་ཚུལ་ཧ་ཅང་ཚབས་ཆེ་བས་ཁྲིམས་ལྟར་ཆད་པ་གཅོད་དགོས། དབྱི་ཕེང་ཧྥེ་ཁྲིམས་ལ་སྦྱར་རྗེས་རང་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ནས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ། ལྐོག་རྔན་བླངས་པ་ཁག་གཅིག་བྱས་ཉེས་སུ་མ་གྲུབ་པ། བྱས་ཉེས་ངོས་ལེན་ཞུས་པ་དང་འགྱོད་བཤགས་བྱས་པ། བཙོག་དངུལ་ཕྱིར་སློག་ཧུར་ཐག་བྱས་པ། བཙོག་དངུལ་དང་བཙོག་དངོས་མང་ཆེ་བ་བདའ་འདེད་བཏང་ནས་ཁྲིམས་སར་འབྱོར་བ་བཅས་ཀྱིས་ཁྲིམས་ལྟར་ཉེས་ཆད་ཡང་བཟོས་གཅོད་དགོས་པའི་ངོས་འཛིན་བྱས་ཡོད། ཁྲིམས་ཁང་གིས་གོང་གསལ་གྱི་ཁྲུན་ཐག་དེ་བཅད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དབྱི་ཕེང་ཧྥེ་ལ་ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག