ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་སྐོར་གྱི་འཕྲིན་གསར།

2024-03-02 16:08:00     责编:卓玛才让

རང་རྒྱལ་གྱིས་ད་ལོ་མི་ཞུགས་འཕུར་གྲུ་གཉིས་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་། མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་འགན་གྱི་འཕེལ་རིམ་བདེ་བླག་ཡིན་པ།

     གསར་འགོད་པས་ཟླ་2ཚེས་29ཉིན་ཀྲུང་གོ་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱིས་ད་ལོར་བར་སྣང་ས་ཚིགས་ཉེར་སྤྱོད་དང་འཕེལ་རྒྱས་དང་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོ་རྒྱུ་ཡིན་པ་རེད། མིག་སྔར་ཀྲུང་གོའི་བར་སྣང་ས་ཚིགས་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་ཀྱི་ལས་དོན་ཁག་འཆར་གཞི་ལྟར་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་དང་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་གྲྭའི་ཟླ་བའི་གོ་ལར་སྐྱོད་པའི་དུས་མཚམས་ཀྱི་ལས་འགན་ཁག་གི་ཞིབ་འཇུག་གསར་སྤེལ་དང་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡིན་པ་རེད།

     2024ལོར་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱིས་མི་ཞུགས་འཕུར་སྐྱོད་ལས་འགན་ཐེངས་གཉིས་དང་ཟོག་འདྲེན་འཕུར་གྲུའི་མཁོ་སྤྲོད་ལས་འགན་ཐེངས་གཉིས་བསྒྲུབ་རྒྱུའི་འཆར་འགོད་བྱས་པ་དང་། ལྷ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུའི་མཁོ་སྤྲོད་ལས་འགན་སྤྱི་ཟླ་དང་པོར་ལེགས་སྒྲུབ་ཟིན་ཞིང་། རྗེས་མཐུད་ད་དུང་ལྷ་གྲུ་ཨང་བཅོ་བརྒྱད་པ་དང་ལྷ་གྲུ་ཨང་བཅུ་དགུ་པའི་མི་ཞུགས་འཕུར་སྐྱོད་ལས་འགན་ཐེངས་གཉིས་དང་དེ་བཞིན་ལྷ་གྲུ་ཨང་བརྒྱད་པའི་ཟོག་འདྲེན་འཕུར་གྲུའི་མཁོ་སྤྲོད་ལས་འགན་སྔ་རྗེས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། མི་ཞུགས་འཕུར་སྐྱོད་ལས་འགན་ཐེངས་2སྒྲུབ་མཁན་གྱི་འཇིག་རྟེན་འཕུར་སྐྱོད་པའི་རུ་ཁག་བདམས་ཟིན་པ་དང་། ད་ལྟ་ལས་འགན་སྦྱོང་བརྡར་བྱེད་བཞིན་ཡོད། མིག་སྔར་བར་སྣང་ས་ཚིགས་སུ་བཅའ་སྲུང་བྱེད་པའི་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ལས་སྒྲུབ་ཚོགས་ཆུང་གི་རུ་མིའི་ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པ་དང་སྔོན་དཔག་བྱས་ན་ཟླ་4པའི་ཟླ་མཇུག་ཏུ་ས་ངོས་སུ་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད།

     བར་སྣང་ས་ཚིགས་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་ཀྱི་ལས་འགན་ཁག་ལག་བསྟར་བྱ་རྒྱུར་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་དུས་མཚུངས་2030ལོའི་གོང་ཀྲུང་གོ་བ་ཟླ་བའི་གོ་ལའི་ཐོག་ཐེངས་དང་པོ་འཛེག་ཐུབ་པ་བྱ་རྒྱུའི་དམིགས་ཚད་ལ་དམིགས་པ་དང་2024ལོའི་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་གྲྭའི་ཟླ་བར་འཛེག་པའི་དུས་མཚམས་ཀྱི་ལས་འགན་ཁག་ཞིབ་འཇུག་གསར་སྤེལ་དང་འཛུགས་སྐྲུན་གྱི་ལས་དོན་ལའང་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར་རྒྱང་སྐྱོད་ཨང་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་། རྨི་གྲུ་མི་ཞུགས་འཕུར་གྲུ་དང་།ཟླ་རེག་རྟགས་ཅན་གྱི་ཟླ་ངོས་ཐང་འབབ་འཕྲུལ་འཁོར། ཟླ་འཛེག་གྱོན་ཆས་སོགས་འཕུར་སྐྱོད་ཐོན་རྫས་གཙོ་བོ་ཐོག་མའི་དཔེ་དབྱིབས་ཀྱི་ཞིབ་འཇུག་གསར་སྤེལ་དུས་མཚམས་སུ་ཁྱོན་ཡོངས་ནས་སླེབས་པ་དང་། ཝུན་ཁྲང་འཕེན་གཏོང་ལྟེ་གནས་ཀྱི་ལེ་ལག་ཚང་བའི་ཚོད་ལྟའི་འཕེན་གཏོང་ལས་འགན་གྱི་སྒྲིག་ཆས་ཁག་ཀྱང་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ། མ་ལག་ཁག་གི་འབྲེལ་ཡོད་ཞིབ་བཟོ་དང་འཛུགས་སྐྲུན་ལས་དོན་ཡང་འཆར་གཞི་ལྟར་སྤེལ་བཞིན་ཡོད་པ་རེད།

     ཞི་བདེའི་ངང་བེད་སྤྱོད་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་ཐོག་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོས་མི་ཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་རྩ་དོན་ཞིག་རེད། རྗེས་མཐུད་དུ་སྔོན་གཏན་འཁེལ་བའི་འཆར་གཞི་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་སྣང་ཕྱིའི་མཁའ་འགྲུལ་སི་སོགས་སྒྲིག་གཞི་དང་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་ལག་རྩལ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད། ཞི་བདེའི་ངང་བར་སྣང་བེད་སྤྱོད་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། བཀྲ་རྡོར།

中央广播电视总台 央广网 版权所有

མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་སྐོར་གྱི་འཕྲིན་གསར།