ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མཚོ་སྔོན་གྱི་དེ་སྔའི་འགོ་ཁྲིད་འདིར་འདྲི་གཅོད་དང་པོ་བྱས་འདུག

2024-02-28 16:10:00     责编:卓玛才让

     2024ལོའི་ཟླ་2ཚེས་27ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ལི་ཅེ་ཞང་གིས་ལྐོག་རྔན་བླངས་པའི་གྱོད་དོན་དེར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ཡོད། ཞུ་སྦྱོར་ཕྱི་མ་ལི་ཅེ་ཞང་གིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་ཞིང་། ལི་ཅེ་ཞང་གིས་ལྐོག་རྔན་བླངས་པའི་ཉེས་བསགས་ཐོབ་ཆ་དང་དེའི་སྐྱེད་འཕེལ་གྱི་ཆ་དག་ཁྲིམས་ལྟར་བདའ་འདེད་གཞུང་བཞེས་བཏང་ནས་རྒྱལ་མཛོད་ནང་འཇུག་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

     འདྲི་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། 2004ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་ལི་ཅེ་ཞང་གིས་ནང་སོག་རང་སྐྱོང་ལྗོངས་ཐུའུ་མོ་ཐེ་གཡས་ཆི་ཨུ་ལྷན་གྱི་ཧྲུའུ་ཅི་དང་།  པའོ་ཐོའུ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཐུའུ་མོ་ཐེ་གཡས་ཆི་ཨུ་ལྷན་གྱི་ཧྲུའུ་ཅི། པའོ་ཐོའུ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གྲོང་སྤྱི་གཞོན་པ།  ཐུང་ལེའོ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གྲོང་སྤྱི་གཞོན་པ།  ཧུའུ་ཧོ་ཧའོ་ཐེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་གཞོན་པ།  ལས་ཚབ་གྲོང་སྤྱི།  གྲོང་སྤྱི། ནང་སོག་ཧོ་ལིན་ཀེར་ཁུལ་གསར་ཏང་ཨུད་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཐུང་ལེའོ་གྲོང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་རིང་འགན་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་སྤྱད་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་པ་དང་། གོ་གནས་སྤོར་བ། ནོར་སྲིད་ཁ་གསབ་ལེན་པ་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ཤིང་། ཐད་ཀར་རམ་མི་གཞན་བརྒྱུད་ནས་ཁྲིམས་འགལ་ངང་རྒྱུ་དངུལ་བླངས་པའི་སྤྱི་འབོར་མི་དམངས་ལ་ཤོག་སྒོར་ལ་ཕབ་ན་སྒོར་བྱེ་བ་8དང་ས་ཡ་8དང་2འབུམ་3ཁྲི་ལྷག་ཙམ་ཟིན་ཡོད་པ་རེད།

     ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ལི་ཅེ་ཞང་གི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པ་དང་ལྐོག་རྔན་བླངས་པའི་འབོར་ཚད་ཧ་ཅང་ཆེ་བས། ཁྲིམས་ལྟར་ཆད་པ་གཅོད་དགོས། ལི་ཅེ་ཞང་ཁྲིམས་སར་འབྱོར་རྗེས་རང་ཉེས་ཇི་མ་ཇི་བཞིན་དུ་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ནས་ད་དུང་ཤེས་རྟོགས་ཐུབ་མེད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་མང་ཆེ་བ་རང་འགུལ་གྱིས་ངོས་ལེན་ཞུས་ཤིང་། དེ་དག་ཁྲོད་ཀྱི་ལྐོག་རྔན་བླངས་པའི་ཉེས་གསོག་ཁག་གཅིག་ལམ་ལྷོངས་བྱུང་མེད་པ། ནག་ཉེས་ངོས་ལེན་དང་ཉེས་བསགས་ལ་འགྱོད་བཤགས་བྱས་པ། བཙོག་དངོས་ཕྱིར་སློག་ཧུར་ཐག་བྱས་པ། བཙོག་དངོས་དང་བཙོག་དངུལ་ཚང་མ་བདའ་འདེད་རྩིས་ལེན་ཐུབ་པ་བཅས་ཀྱི་རྐྱེན་པས། ཁྲིམས་ལྟར་ཆད་པ་ཡང་གཅོད་ཆོག་པའི་ངོས་འཛིན་བྱས་ཡོད། དེ་ལྟར་ཁྲིམས་ཁང་གིས་གོང་གསལ་གྱི་ཁྲུན་ཐག་དེ་བཅད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

མཚོ་སྔོན་གྱི་དེ་སྔའི་འགོ་ཁྲིད་འདིར་འདྲི་གཅོད་དང་པོ་བྱས་འདུག