ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་ཀྱི་དེ་སྔའི་འགོ་ཁྲིད་འདི་ལོ་14བཙོན་འཇུག་བྱ་རྒྱུ་རེད།

2024-01-11 17:59:00     责编:卓玛才让

     2024ལོའི་ཟླ་1ཚེས་10ཉིན་གྱི་སྔ་དྲོ། ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཀྲང་ཡུང་ཙེ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ས་ཡ་ལྔ་གཅོད་རྒྱུ། ཐེལ་རྒྱག་དང་། བཀག་འཇོག བསྡམས་བཅད་བཅས་བྱས་པའི་བཙོག་དངུལ་དང་བཙོག་དངོས་དང་། དེ་དག་ལས་སྐྱེད་འཕེལ་བྱུང་བ་དག་ཁྲིམས་ལྟར་བདའ་འདེད་བྱས་ཏེ་རྒྱལ་མཛོད་དུ་འཇུག་རྒྱུ་དང་། མི་འདང་བའི་ཆ་རྣམས་མུ་མཐུད་ནས་བདའ་འདེད་གཏོང་རྒྱུའི་ཁྲིམས་ཐག་བཅད་འདུག ཀྲང་ཡུང་ཙེ་ཡིས་ཁྲིམས་སར་རང་ཉེས་ངོས་ལེན་བྱས་ནས་གོང་གཏུག་མི་བྱེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

     ཞིབ་གཅོད་བྱས་ཏེ་རྩད་ཆོད་མཐའ་གསལ་བྱུང་བ་ལྟར་ན། 2003ལོ་ནས་2021ལོའི་བར་ཞུ་སྦྱོར་ཕྱི་མ་ཀྲང་ཡུང་ཙེ་ཡིས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་། ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན། ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར་བའི་ལས་གནས་ཐོག་གི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ལས་གྲྭ་འགན་ལེན་དང་ཁོར་ཡུག་དཔྱད་དཔོག་ཞིབ་མཆན་འགོད་པ། གོ་གནས་ལེགས་སྒྲིག་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ཏེ། ཐད་ཀར་རམ་ཡང་ན་མི་གཞན་བརྒྱུད་དེ་ཁྲིམས་འགལ་ངང་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་5181ལྷག་ཙམ་ཟིན་ཡོད་པ་རེད།

     ཞིས་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲང་ཡུང་ཙེ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་ངོས་འཛིན་བྱས་པ་རེད། ཀྲང་ཡུང་ཙེས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་ཞིང་། གྱོད་ཁོངས་སུ་ཚུད་རྗེས་གྱོད་སྒྲུབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་པའི་ལྐོག་རྔན་བླངས་པའི་དོན་དངོས་དག་ཇི་མ་ཇི་བཞིན་དུ་ངོས་ལེན་ཞུས་པ་དང་། གྱོད་སྒྲུབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་དོན་དངོས་གཞན་དག་ཀྱང་རང་འགུལ་ངང་ངོས་ལེན་ཞུས་པ་རེད། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ཏེ་བཙོག་དངོས་ཕྱིར་སློག་ཧུར་ཐག་བྱས་པ་དང་། ལྐོག་རྔན་བླངས་ནས་ཐོབ་པའི་བཙོག་དངུལ་དང་བཙོག་དངོས་ཁག་གཅིག་བདའ་འདེད་བཏང་བའམ་ཡང་ན་ཕྱིར་སློག་བྱས་ཟིན་པར་གཞིགས་ནས་ཁྲིམས་ལྟར་ཉེས་ཆད་ཡང་དུ་བཏང་ཆོག་པའི་ངོས་འཛིན་བྱས་ཡོད།

     མཐར་ཁྲིམས་ཁང་གིས་གོང་གསལ་ལྟར་ཁྲིམས་ཐག་དེ་བཅད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱལ་པོ།

སྒྲིག་སྒྱུར། ཚེ་བརྟན་རྡོ་རྗེ།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་དེ་སྔའི་འགོ་ཁྲིད་འདི་ལོ་14བཙོན་འཇུག་བྱ་རྒྱུ་རེད།