ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཞེ་ཅི་ལའེ་ལ་ཁྲིམས་ཆད་འདི་ལྟར་བཅད་འདུག

2024-01-08 10:45:00     责编:娜科

2024ལོའི་ཟླ་1པོའི་ཚེས་5ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཡོངས་བསྒྲགས་ངང་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཞེ་ཅི་ལའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཞེ་ཅི་ལའེ་ལ་ལྐོག་རྔན་བླངས་པའི་ཉེས་མིང་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བྱས་པ་དང་འབྲེལ་མི་དམངས་ཤོག་སྒོར་ས་ཡ་བདུན་གྱི་དངུལ་ཆད་བཅད་པ་དང་། སྒོ་ཐེལ་རྒྱག་པ་དང་བཀག་ཉར། བསྡམས་བཅད་བཅས་བྱས་པའི་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་དངོས་དང་དེའི་ཁེ་ཕན་དང་ལྐོག་རྔན་བླངས་པ་ཚབ་འཇལ་བའི་རྒྱུ་ནོར་རྣམས་ཁྲིམས་ལྟར་གཞུང་བཞེས་བཏང་སྟེ། རྒྱལ་མཛོད་ལ་འབུལ་རྒྱུ་ཡིན་པ་རེད།

 

 

འདྲི་ཞིབ་བྱས་པ་བརྒྱུད་རྩད་ཆོད་དོན། སྤྱི་ལོ་2002ལོ་ནས་སྤྱི་ལོ་2017ལོའི་བར། ཞུ་སྦྱོར་ཕྱི་མ་ཞེ་ཅི་ལའེ་ཡིས་ཀྲུང་གུང་ཧོ་པེ་ཞིང་ཨུད་རྩ་འཛུགས་པུའི་ལས་རོགས་སྐོར་གཟིགས་པ་དང་། པུའུ་ཀྲང་གཞོན་པ། རྒྱུན་ལས་པུའུ་ཀྲང་གཞོན་པ་བཅས་དང་། ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར་རིང་གི་གོ་གནས་ཐད་ཀྱི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་ཐོབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་གྱི་གོ་གནས་ཐད་ཀྱི་བྱ་སྤྱོད་གཞན་དག་བརྒྱུད། གོ་གནས་སྤོར་བ་དང་། ལས་གནས་ལེགས་སྒྲིག ལས་གྲྭའི་རྣམ་གྲངས་གསར་སྤེལ་སོགས་ཀྱི་བྱ་དོན་ཐད་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་ཡོད། སྤྱི་ལོ་1999ལོ་ནས་སྤྱི་ལོ་2020ལོའི་བར་ཞེ་ཅི་ལའེ་ཡིས་ཁྲིམས་འགལ་ངང་མི་གཞན་གྱིས་སྤྲད་པའི་རྒྱུ་ནོར་ཐེངས་མང་བླངས་ནས། མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་བྱེ་བ་8དང་ས་ཡ་8དང་7འབུམ་ལྷག་ཙམ་ཟིན་ཡོད་པ་རེད།

ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞུ་སྦྱོར་ཕྱི་མ་ཞེ་ཅི་ལའེ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་ཤིང་། ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་མང་བས་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། ཞེ་ཅི་ལའེ་ཡི་ལྐོག་རྔན་བླངས་པའི་ཉེས་གསོག་ཁག་གཅིག་གི་ཉེས་དམིགས་མ་གྲུབ་པ་དང་། ཁྲིམས་ལ་སྦྱར་རྗེས་རང་ཉིད་ཀྱི་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། རང་འགུལ་ངང་ལྟ་ཞིབ་ལས་ཁུངས་ཀྱི་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ་དང་། ནག་ཉེས་ལ་འགྱོད་བཤགས་བྱས་པ། མི་གཞན་གྱི་ཉེས་གསོག་བྱེད་སྤྱོད་ཐེར་འདོན་བྱས་པར་བྱས་རྗེས་ཆེན་པོ་བཞག་པ། བརྐུས་ནོར་ཕྱིར་སློག་ཧུར་ཐག་བྱས་པ། བཙོག་དངུལ་ཚང་མ་ཕྱིར་སློག་བྱས་པ་བཅས་ལ་དམིགས་ནས་ཁྲིམས་ལྟར་ཉེས་ཆད་ཡང་དུ་གཏོང་ཆོག་གི་ཡོད་པ་རེད། དེས་ན། ཁྲིམས་ཁང་གིས་གོང་གསལ་གྱི་བཅད་ཁྲ་དེ་ཁྱབ་བསྒྲགས་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

中央广播电视总台 央广网 版权所有

ཞེ་ཅི་ལའེ་ལ་ཁྲིམས་ཆད་འདི་ལྟར་བཅད་འདུག

ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞུ་སྦྱོར་ཕྱི་མ་ཞེ་ཅི་ལའེ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་ཤིང་། ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་མང་བས་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་