ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཨ་མདོ་བརྙན་འཕྲིན་གྱི་ལོ་གསར་དགོང་ཚོགས་བརྙན་ཕབ་ལེགས་གྲུབ་བྱུང་།

2023-12-16 18:47:00     责编:娜科

 

ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི(2024)ལོ་གསར་རིག་རྩལ་དགོང་ཚོགས་ཆེན་མོ༼ གཡུ་འབྲུག་དགྱེས་པའི་མཆོད་སྤྲིན༽ཞེས་པ་བརྙན་ཕབ་ལེགས་གྲུབ་བྱུང་།

 

 

ཟླ་12ཚེས་15ཉིན་གྱི་དགོང་མོར་ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི(2024)ལོ་གསར་རིག་རྩལ་དགོང་ཚོགས་ཆེན་མོ༼ གཡུ་འབྲུག་དགྱེས་པའི་མཆོད་སྤྲིན༽ཞེས་པ་དེ་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་དུ་གཟབ་རྒྱས་ངང་བརྙན་ཕབ་བྱས་ཤིང་། ཞིང་ཆེན་ཕྱི་ནང་གཉིས་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་འཁྲབ་སྟོན་པ་བསྡོམས་པས་འཁྲབ་སྟོན་པ་མི་ལྔ་བརྒྱ་ལྷག་གར་སྟེགས་གཅིག་ཐོག་མཉམ་དུ་འཛོམས་ནས། ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་ཡུལ་དངོས་སུ་ཕེབས་པའི་སྐུ་མགྲོན་དང་གཟིགས་མོ་བ་ཡོངས་ཀྱི་མིག་ཡིད་རྣ་བའི་བདུད་རྩིར་ཕུལ་ཡོད་ཅིང་། བཀྲིས་ལོ་གསར་གྱི་དགའ་སྟོན་སྐབས་སུ་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།

 

 

 

 

ད་ལོའི་ལོ་གསར་དགོང་ཚོགས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྙེག”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཆེད་ལས་སྒྱུ་རྩལ་ཚོགས་པ་དང་། ཀན་ལྷོ་ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་། དེ་མིན་བོད་ལྗོངས་མངའ་རིས་ཀྱི་ཞང་ཞུང་སྒྱུ་རྩལ་ཚོགས་པ་བཅས་ནས་གནམ་ལོ་གསར་ཚེས་ཀྱི་སྐྱེས་སུ་བསྣམས་འོང་བའི་ལོ་གསར་གྱི་འཁྲབ་ཚན་ཕུལ་དུ་བྱུང་བ་དག་དང་། ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་གཞས་པ་གཞས་མ་ལྔ་བཅུ་ལྷག་གིས་དམངས་གླུ་དང་རྡུང་ལེན། ཨ་རྩེ། གླུ་གཞས་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱིས་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག འབད་འབུངས་ཡར་བརྩོན་དང་གསར་གཏོད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་འབད་བརྩོན་གྱིས་མཉམ་དུ་ཡར་རྒྱས་གོང་འཕེལ་སྙེག་པའི་དུས་རབས་གསར་བའི་སྣང་ཚུལ་ཉམས་དགའ་བ་དེ་ལ་བསྔགས་བརྗོད་མཛད་ཡོད་པར་མ་ཟད། མཚོ་སྔོན་གྱི་བོད་སྐད་བརྙན་འཕྲིན་བཏང་ནས་ལོ་ངོ་བཞི་བཅུ་འཁོར་བར་སྔོན་བསུ་བྱེད་པའི་ཉམས་དགའ་བའི་སྣང་ཚུལ་བསྐྲུན་ཡོད།

 

 

 

 

 

 

 

 

ལོ་གསར་རིག་རྩལ་དགོང་ཚོགས་ཆེན་མོ་དེ་དུས་ཆེན་གྱི་སྤྲོ་དགའི་རྣམ་པ་རབ་ཏུ་མངའ་བའི་འགོ་རྩོམ་པའི་ཞབས་བྲོ༼གཡུ་འབྲུག་དགྱེས་པའི་མཆོད་སྤྲིན༽ཞེས་པས་དགོང་ཚོགས་འགོ་རྩོམ་པའི་ཡོལ་བ་ངང་གིས་ཕྱེས་བའི་མོད་ལ། མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་བོད་ལྗོངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཟི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱི་མདོ་འཛིན་པ་དྲུག་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི་དང་བཀྲ་ཤིས་ཁ་གཡང་གི་སྨོན་ཚིག་བརྗོད་ནས་དགོང་ཚོགས་ཀྱི་སྒོ་འཕར་གཞི་ནས་ཕྱེས་ཏེ། རྒྱལ་ཡོངས་ལ་མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་། བཀྲ་ཤིས་ཕུན་ཚོགས། བསྟན་འཛིན་ཉི་མ། གཡང་ཕྱུག་མཚོ། དེ་མིན་བོད་འབྲེལ་ས་ཁུལ་ཡོངས་ནས་ཆེས་དགའ་བསུ་ཐོབ་པའི་གླུ་བ་ཤེར་བསྟན་དང་ཚེ་དབང་ལྷ་མོ། སྒྲོན་པེ། ལྷ་སྐྱིད། བསམ་འགྲུབ་ཚེ་རིང་། སངས་རྒྱས་ཚེ་རིང་། ཚེ་རིང་གཡང་དགའ། སམ་བྷོ་ཊ་ཚན་སྡེབ་དང་སྐབས་སྔ་མ་དག་གི་རྡུང་ལེན་འགྲན་སྡུར་སྟེང་བྱ་དགའ་ཐོབ་མྱོང་བའི་ཕུལ་བྱུང་རྡུང་ལེན་པ་སོགས་མཚོ་སྔོན་དང་། བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡུན་ནན་ཞིང་ཆེན་བཅས་ནས་ཕེབས་པའི་སྒྱུ་རྩལ་པ་དང་གཞས་པ་གཞས་མས་སྙན་མོ་གླུ་ཡི་འགྱུར་ཁུགས་དང་མཚར་མོ་གར་གྱི་སྟངས་སྟབས་ཀྱིས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཆོད་བསྟོད་ཕུལ་ཏེ་སྨོན་འདུན་གྱི་གདངས་དབྱངས་སྙན་མོ་དང་ལྷན་འཛོམས་ཀྱི་འཛུམ་མདངས་དྲོན་མོའི་ཀློང་ནས་དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་གི་དགོང་ཚོགས་ཧྲིལ་པོ་ཡོངས་སུ་མཇུག་བསྒྲིལ་བར་བྱས་ཡོད།

 

 

 

 

 

ད་ལོའི་ལོ་གསར་དགོང་ཚོགས་ཀྱི་བརྙན་རིས་ཆ་ཚང་གནམ་གང་དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག་ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་དང་། སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་སོ་སོ་ནས་གཏོང་རྒྱུ་ཡིན་པས་ལྷན་རྒྱས་ནས་གསན་གཟིགས་གནང་བར་དགའ་བསུ་ཞུ། 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

གསར་འགོད་པ། རྡོ་ཐར།

中央广播电视总台 央广网 版权所有

▶ཨ་མདོ་བརྙན་འཕྲིན་གྱི་ལོ་གསར་དགོང་ཚོགས་བརྙན་ཕབ་ལེགས་གྲུབ་བྱུང་།

ད་ལོའི་ལོ་གསར་དགོང་ཚོགས་ཀྱི་བརྙན་རིས་ཆ་ཚང་གནམ་གང་དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག་ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་དང་། སྨྱན་སྦྱོར་གསར་བའི་འཕྲིན་སྟེགས