ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

པཎ་ཆེན་རིན་པོ་ཆེས་ཐེངས་དང་པོར་དགེ་འདུན་པར་སྡོམ་པ་བསྩལ་འདུག

2023-11-09 17:46:00     责编:桑吉卓玛

པཎ་ཆེན་རིན་པོ་ཆེས་ཐེངས་དང་པོར་དགེ་འདུན་པར་སྡོམ་པ་བསྩལ་འདུག

       ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འབྲོང་རྩེ་དགོན་པའི་སྤྲུལ་སྐུ་སེང་ཆེན་བསྟན་པ་རབ་རྒྱས་མཆོག་ལ་དགེ་སློང་གི་སྡོམ་པ་གནང་བ་དང་བཀྲ་ཤིས་ལྷུན་པོ་དགོན་པའི་ན་གཞོན་དགེ་འདུན་པ་ཁག་གཅིག་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་པའི་མཛད་སྒོ་དེ་བཀྲ་ཤིས་ལྷུན་པོ་དགོན་པའི་བླ་བྲང་ལྷ་ཁང་དུ་གཉེར་བ་རེད།

 

 

       ཉིན་དེའི་ཞོགས་པ་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་སྐུ་བསང་གི་དྲི་ཞིམ་འཐུལ་ཞིང་། ཆོས་སྤྱོད་རོལ་ཆའི་སྙན་དབྱངས་ལྷང་ལྷང་དུ་གྲགས། སྡོམ་པ་བཞེས་མཁན་ན་གཞོན་དགེ་འདུན་པ་28ཀྱིས་ལུས་ལ་ཆོས་གོས་གསར་པ་མནབས་ཤིང་། ཞོགས་པའི་མཚམས་སྤྲིན་དང་འགྲོགས་ནས། རིམ་པ་བཞིན་བླ་བྲང་ལྷ་ཁང་གི་ཕྱོགས་སུ་ཕེབས་ཏེ་པཎ་ཆེན་རིན་པོ་ཆེས་སྡོམ་པ་སྩོལ་བའི་བླ་མེད་བསྐལ་བཟང་དེ་འཆར་བར་རེ་སྒུག་ཞུས། ཞོགས་པའི་ཆུ་ཚོད་8པ་ཙམ་ལ་སྤྱན་འདྲེན་རྒྱ་གླིང་དང་རིན་རྒྱན་སྤོས་འཛིན་པའི་སྔུན་བསུའི་འོག པཎ་ཆེན་རིན་པོ་ཆེ་བླ་བྲང་ལྷ་ཁང་དུ་ཆིབས་བསྒྱུར་གནང་ནས་དགེ་འདུན་པའི་སྡེ་དང་ལྷན་དུ་ཞལ་འདོན་གནང་བ་རེད། ཞལ་འདོན་གནང་གྲུབ་རྗེས། པཎ་ཆེན་རིན་པོ་ཆེ་བླ་བྲང་ལྷ་ཁང་གི་ཁྲི་ལ་འཁོད་ཅིང་གསང་སྡེ་སྟོན་པའི་སློབ་དཔོན་སོགས་དགེ་འདུན་གྲངས་ཚང་གི་དབུས་སུ་དགེ་འདུན་པ་རྣམས་ལ་སྡོམ་པ་འབོགས་པ་དང་། སྐྲ་ཕུད་བཞེས་པ། ཆོས་མིང་སྩོལ་བ། ཕྱག་དབང་གནང་བ་སོགས་ཀྱི་བཀའ་དྲིན་སྐྱོང་འགོ་ཚུགས།  སྐབས་དེར་སྡོམ་པ་བཞེས་མཁན་དགེ་འདུན་པ་རྣམས་རེ་རེ་བཞིན་བཞུགས་གདན་ལ་འཁོད་ཅིང་། ཐལ་མོ་སྙིང་ཁར་སྦྱར་ནས་པཎ་ཆེན་རིན་པོ་ཆེའི་སྡོམ་འབོགས་བཀའ་ལུང་ལ་གསན་པ་དང་ཆབས་ཅིག ཚུལ་ཁྲིམས་ལེགས་པར་བསྲུང་རྒྱུའི་དམ་བཅའ་ཡང་བཞག་གནང་ཡོད། 
 

 

       ད་ཐེངས་སྡོམ་པ་བསྩལ་བ་དེའི་ཐོག་ནས་པཎ་ཆེན་རིན་པོ་ཆེར་སློབ་མ་ཁྲིད་ཅིང་སྡོམ་པ་སྩོལ་བའི་ནུས་པ་མངའ་བ་དང་། པཎ་ཆེན་རིན་པོ་ཆེའི་ཆོས་ཀྱི་རྟོག་པ་དང་ཆོས་ལུགས་ཀྱི་གོ་གནས་སྔར་བས་མཐོ་རུ་ཕྱིན་པ་མཚོན་པ་དང་། སྡོམ་པ་སྩོལ་བའི་མཛད་སྒོ་བཀྲ་ཤིས་ལྷུན་གྲུབ་བྱུང་བ་དེའི་ཐོག་ནས་ཀྱང་ཆོས་ཕྱོགས་ནང་གི་པཎ་ཆེན་རིན་པོ་ཆེའི་དབང་གྲགས་ཆེན་པོ་མཚོན་གྱི་ཡོད་པ་རེད། 
 

 

       སྡོམ་པ་སྩོལ་བའི་མཛད་སྒོ་གྲུབ་རྗེས། པཎ་ཆེན་རིན་པོ་ཆེས། དེང་གི་འཛམ་གླིང་ཐོག་དམག་འཁྲུག་ཡོ་ལང་ཟམ་མི་ཆད་པར་ཐོན་པ་དང་། སེམས་ཅན་ལ་སྡུག་བསྔལ་སྣ་ཚོགས་པ་འཕྲད་བཞིན་ཡོད། ཡིན་ནའང་ང་ཚོ་བསོད་ནམས་དབང་གིས་ཞི་བདེ་ལྷིང་འཇགས་ཀྱི་རྒྱལ་ཁབ་དང་རླབས་ཆེ་བའི་རྒྱལ་ཁབ་འདིར་འཚོ་གནས་བྱེད་རྒྱུ་བྱུང་ཡོད། ང་ཚོས་དུས་རབས་བཟང་པོ་འདིར་གཅེས་སྤྲས་ལེགས་པར་བྱས་ཐོག ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། འདུ་ཤེས་གསུམ་བརྟན་པོར་འཛུགས་པ། བཟང་པོ་བཞི་ལྡན་གྱི་དགེ་འདུན་པ་བྱེད་པ། སེམས་རྣལ་ལ་ཕབ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་པ། ཚུལ་ཁྲིམས་ནན་པོར་སྲུང་བ། དད་ལྡན་པར་ཞབས་ཞུ་སྒྲུབ་པ་བཅས་མདོར་ན་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་སྤྱི་ཚོགས་ཀྱི་དྲིན་གཟོ་དགོས་ཞེས་དམིགས་སུ་བཀར་ནས་ནན་སྟོན་གནང་འདུག 

       སྡོམ་པ་བཞེས་མཁན་དགེ་འདུན་པ་རྣམས་དགའ་དད་སྤྲོ་གསུམ་གྱིས་བརྟས་ཤིང་། པཎ་ཆེན་རིན་པོ་ཆེས་སྡོམ་པ་སྩོལ་སྐབས་གནང་བའི་བཀའ་ལུང་ཡིད་ལ་བརྟན་པོར་ངེས་པ་དང་། ཚུལ་ཁྲིམས་ནན་གྱིས་སྲུང་བ། ཐོས་བསམ་ཉམས་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་བཅས་བྱས་ནས། དུས་རབས་གསར་པའི་དགེ་འདུན་པ་ཚད་ལོན་པ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་འདུག ད་ཐེངས་སྡོམ་པ་བཞེས་མཁན་དགེ་འདུན་པ་ཚང་མ་དགུང་ལོ་18ཡན་ལོན་པ་ཤ་སྟག་ཡིན་པ་དང་། གང་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་དང་མཐུན་ཡོད་ཅིང་། སྡོམ་པ་བཞེས་པའི་རེ་བ་དང་ཡང་མཐུན་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། སྒྲོལ་མ་སྐྱབས། 

中央广播电视总台 央广网 版权所有

པཎ་ཆེན་རིན་པོ་ཆེས་ཐེངས་དང་པོར་དགེ་འདུན་པར་སྡོམ་པ་བསྩལ་འདུག

ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འབྲོང་རྩེ་དགོན་པའི་སྤྲུལ་སྐུ་སེང་ཆེ