ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན....

2023-11-08 09:27:00     责编:桑吉卓玛

བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན.....

 

       བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་གང་འདྲ་ཐེབས་སམ།

       དུས་ཡུན་རིང་པོའི་ནང་། ཀྲུང་གོས་བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། གང་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་གོང་འཕེལ་ཁྲོད་ཀྱི་འཐབ་ཇུས་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། སྤྱི་ལོ་2010ལོར། ཀྲུང་དབྱང་གིས་བོད་ལྗོངས་འདི་ཉིད་འབྱུང་ཁམས་སྲུང་ཡོལ་གལ་ཆེན་དུ་གཏན་ཁེལ་བྱས་པ་མ་ཟད་འབྱུང་ཁམས་སྲུང་སྐྱོང་ལས་གྲྭ་དང་། འབྱུང་ཁམས་འཛུགས་སྐྲུན་ལས་གྲྭ འབྱུང་ཁམས་ལྟ་ཞིབ་ཚད་ལེན་ལས་གྲྭ་སོགས་ལག་བསྟར་བྱས་ཡོད། སྤྱི་ལོ་2020ལོར་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་གོང་འཕེལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་མཚོ་བོད་ས་མཐོ་ཉིད་ཀྲུང་གོ་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཡོད། བྱ་ཐབས་དེ་དག་ལས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འབྱུང་ཁམས་སྲུང་སྐྱོབ་ཁྲོད་ནས་ཕན་པ་ཐོབ་པ་བྱས་པ་མ་ཟད། དུས་མཚུངས་སུ་འཛམ་གླིང་ལའང་ཕན་བདེ་སྐྲུན་ཡོད།

       འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ནས་ཀྲུང་གོ་དང་གོ་ལའི་རྒྱུན་མཐུད་གོང་འཕེལ་ཐད་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད།
 

 

       དང་པོ། ཨ་ཤེ་ཡ་གླིང་གི་ཆུ་འགོ་འགན་སྲུང་བྱས་པ། བོད་ལྗོངས་ས་མཐོ་ནི་ཡ་གླིང་ཆུ་མཛོད་ཀྱི་འགོ་ཁུངས་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་བཞུར་གྱིན་པའི་འབྲི་ཆུ་ཡིན་ནའང་འདྲ། ཡང་ན་མཐའ་མཇུགཨ་ཤེ་ཡ་ཤར་ལྷོ་དང་ཨ་ཤེ་ཡ་ལྷོ་མར་འབབ་པའི་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ། ཡར་ཀླུང་གཙང་པོ་སོགས་ཡིན་ནའང་འདྲ། ཚང་མར་མི་ཤུགས་དང་དངོས་ཤུགས། མ་དངུལ་སོགས་འབོར་ཆེན་བཏང་ནས་ཆུའི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱས་ཏེ་འབག་བཙོག་མི་ཕོག་པ་བྱས་པ་དང་། བོད་ལྗོངས་ཀྱི་དྭངས་གཙང་ཆུ་མོ་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་འབབ་པར་བྱས་ཡོད།
 

 

       གཉིས་པ། གོ་ལའི་གནམ་གཤིས་དྲོ་རུ་འགྲོ་རྒྱུར་ཁ་གཏད་བཅག་པ། གོ་ལའི་གནམ་གཤིས་ཀྱི་ཚོར་སྐྱེན་ཁུལ་དང་གནམ་གཤིས་སྙོམས་སྒྲིག་ཁུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། བོད་ལྗོངས་ས་མཐོའི་གནམ་གཤིས་དྲོ་རུ་འགྲོ་བའི་མྱུར་ཚད་དེ་གོ་ལ་ཡོངས་ཀྱི་ལྡབ་གཉིས་ཙམ་ཟིན་ནས་གོ་ལའི་གནམ་གཤིས་དྲོ་རུ་སོང་བ་ལས་བྱུང་བའི་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གི་རྒྱབ་སྐྱོར་ཧུར་ཐག་འོག བོད་ལྗོངས་ཀྱིས་ཀྲུང་གོ་དང་གོ་ལའི་ཐཱན་གཉིས་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ། ཕྱོགས་གཅིག་ནས་ཆུ་ནུས་དང་ཉི་འོད་ནུས་པ། འོད་ནུས་སོགས་དྭངས་གཙང་ནུས་རྒྱུ་གསར་སྤེལ་འོས་འཚམས་བྱས་པ་བརྒྱུད་འགྱུར་རྡོའི་ཐོན་ཁུངས་ལ་བརྟེན་ཤུགས་ཆུང་དུ་བཏང་བ་དང་། ཞིང་འབྲོག་པས་བུད་ཤིང་དང་སྤང་། ལྕི་བ་སོགས་བེད་སྤྱོད་བྱེད་ཚད་ཉུང་དུ་བཏང་ཡོད། ཕྱོགས་གཞན་ཞིག་ནས། གཙང་པོ་གཉིས་དང་ཆུ་བོ་བཞིའི་འབབ་རྒྱུད་དུ་སྔོ་འགྱུར་ལས་གྲྭ་དང་ཤིང་འཛུགས་ནགས་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་གཞི་ཁྱོན་ཆེ་བའི་ཐཱན་རྒྱུ་གསོག་ཉར་མངོན་འགྱུར་བྱུང་བ་དང་། སྤྱི་ལོ་2022ལོ་ལྟ་བུར་མཚོན་ན། ནགས་གསོ་མུའུ་ཁྲི་117.9བྱས་ཡོད་པ་རེད།

 

 

       གསུམ་པ། གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྐུལ་འདེད་བཏང་བ། འཛམ་གླིང་ན་མཐོང་དཀོན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བང་མཛོད་ལྟ་བུ་ཡིན་པའི་ཆ་ནས། བོད་ལྗོངས་ཀྱིས་རིགས་ཁག་གི་རང་བྱུང་སྲུང་སྐྱོབ་ཁུལ་47བཙུགས་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་མིའི་རིགས་ཀྱི་བྱ་འགུལ་གྱི་ཤུགས་རྐྱེན་མི་ཐེབས་པའི་ཁོར་ཡུག་ཅིག་གཏོད་པ་དང་། ཁྱོན་ས་མཐོའི་སྐྱེ་དངོས་ཀྱི་སོན་རིགས་ཐོན་ཁུངས་ཁག་2000ལྷག་ཙམ་གསོག་ཉར་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། ལྷག་པ།

ཡིག་སྒྱུར། བྱམས་པ་ཚེ་རིང་།
 

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན....

དུས་ཡུན་རིང་པོའི་ནང་། ཀྲུང་གོས་བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། གང་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་གོང་