ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

གློ་ཚད་ཕྲ་གྱེས་གདོད་གཟུགས་འགོས་ན་ནད་རོ་འཇོག་སྲིད་དམ།

2023-11-02 18:18:00     责编:桑吉卓玛

གློ་ཚད་ཕྲ་གྱེས་གདོད་གཟུགས་འགོས་ན་ནད་རོ་འཇོག་སྲིད་དམ།

 

       ཉེ་ལམ། ས་གནས་ཁག་ལ་གློ་ཚད་ཕྲ་གྱེས་གདོད་གཟུགས་(肺炎支原体)འགོས་པའི་བྱིས་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད། གློ་ཚད་ཕྲ་གྱེས་གདོད་གཟུགས་ནི་ཅི་ཡིན་པ་དང་། འགོས་ནད་དེ་ལ་ཁྱད་ཆོས་གང་དག་ཡོད་པ། སྔོན་འགོག་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེ་རིང་ཚང་མས་མཉམ་དུ་པེ་ཅིང་གྲོང་ཁྱེར་དབུགས་ལམ་ནད་རིགས་ཞིབ་འཇུག་ཁང་གི་འགན་འཁུར་བ། པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཐོང་ཁྲའོ་ཧུའེ་ཡི་གསལ་འགྲེལ་གནང་བར་གཟིགས་དང་།

       གློ་ཚད་ཕྲ་གྱེས་གདོད་གཟུགས་ལ་ཁྱད་ཆོས་ཅི་ཡོད་དམ། 

       གློ་ཚད་ནི་ནད་དུག་དང་ཕྲ་སྲིན་གཉིས་ཀྱི་བར་དུ་གནས་པའི་ནད་ཀྱི་གདོད་གཟུགས་ཤིག་ཡིན། དེ་ལ་འགོས་གཤིས་ངེས་ཅན་ཞིག་ལྡན། ནད་ཐོག་ལག་ལེན་ཁྲོད། མི་ཚང་མ་ལ་འགོ་སླ་མོད། ཡིན་ཡང་ལོ་5ཡན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་ཕོག་པ་མང་།

       གློ་ཚད་ཕྲ་གྱེས་གདོད་གཟུགས་ནི་གསར་དུ་བྱུང་བའམ་མཐོང་དཀོན་པའི་ནད་རིགས་ཤིག་མིན་ཏེ། དུས་ཚིགས་ཚང་མར་འབྱུང་སྲིད། ལོ་གོང་མ་དང་བསྡུར་ན་ད་ལོའི་གློ་ཚད་ཕྲ་གྱེས་གདོད་གཟུགས་ལ་ཁྱད་ཆོས་གཉིས་ཡོད་པ་སྟེ། གཅིག་ནི་ད་ལོ་འགོས་ནད་ཕོག་མང་བ་དང་། གཉིས་ནི་འགོས་ནད་ཕོག་པའི་མི་ཚོགས་ཀྱི་ལོ་ན་ཆུང་བའི་ཁྱད་ཆོས་མངོན་ཡོད།

       གློ་ཚད་ཕྲ་གྱེས་གདོད་གཟུགས་ལ་ཚད་བཀག་རང་བཞིན་ལྡན་པས། ནད་ལྕི་མོ་དང་ཉེན་ཚབས་ཆེ་བའི་ནད་བྱུང་བའི་བསྡུར་ཚད་ཧ་ཅང་དམའ། མི་དར་མ་ལ་ནད་རྟགས་ཅུང་ཡང་བ་ཡོད། བྱིས་པའི་རིམས་འགོག་མ་ལག་ད་དུང་འཐུས་ཚང་མིན་པས། ནར་སོན་པའི་མི་སྣར་ནད་རྟགས་ཅུང་ལྕི་བ་ཡོད། སྤྱིར་བཏང་དུ་ཚ་བ་རྒྱས་པ་དང་གློ་ལུ་བ་སོགས་ནི་དེའི་ནད་རྟགས་གཙོ་བོ་ཡིན།

 

པར་རིས་ཀྱི་འབྱུང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར།

 

       ཕྲུ་གུར་ནད་རྟགས་གང་ཞིག་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་སམ།

       གལ་ཏེ་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་རྒྱུན་མཐུད་དུ་གློ་ལུ་བ་དང་། ཚ་བ་མི་འཇོམ་པ་སོགས་ཀྱི་ནད་རྟགས་བྱུང་ན། དུས་ཐོག་ཏུ་སྨན་བཅོས་བྱས་ཏེ་གང་མགྱོགས་ནད་རྐྱེན་གསལ་རྟོགས་དང་། སྨན་བཅོས་ཚད་ལྡན་ཡོང་བ་བྱེད་པ་ལས་རྨོངས་ཚོད་ཀྱིས་སྨན་གཏན་ནས་སྤྱོད་མི་རུང་།

       ཆེད་མཁས་པས་བསྟན་དོན། གློ་ཚད་ཕྲ་གྱེས་གདོད་གཟུགས་ནི་བཅོས་དཀའ་བའི་ནད་ཅིག་མིན་ལ། ནད་པ་ངེས་པར་དུ་སྨན་ཁང་ཆེ་གྲས་སུ་འགྲོ་དགོས་པའི་ངེས་པ་མེད། མིག་སྔར། གློ་ཚད་ཕྲ་གྱེས་གདོད་གཟུགས་འགོས་པ་སྨན་བཅོས་བྱེད་པའི་གསོ་སྦྱོང་དང་གསོ་བཅོས་ཚང་མ་ཧ་ཅང་ཚད་ལྡན་ཡིན་ལ། ཚན་རིག་དང་མཐུན་པའི་སྨན་བཅོས་ཕྱོགས་སྟོན་ཡང་ཡོད་པས། རིམ་པ་གཉིས་པའི་སྨན་ཁང་དང་སྡེ་ཁུལ་སྨན་ཁང་མང་པོ་ཞིག་ནས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།
 

པར་རིས་ཀྱི་འབྱུང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར།

 

       ནད་འགོས་རྗེས་སྨན་གང་བདམ་ག་བྱེད་དགོས་སམ། གལ་ཏེ་བྱིས་པར་དུས་ཐོག་ལ་སྨན་བཅོས་བྱས་ན། ནད་གཞི་ལྗིད་མོ་ཕོག་པའི་ཉེན་ཁ་མེད། འཁོར་ཆེན་ནང་ཀྲེའི་རིགས་ཀྱི་ཕྲ་སྲིན་འགོག་བཅོས་སྨན་རྫས་ནི་བདམ་ག་ཡག་ཤོས་ཡིན་པས། སྤྱིར་བཏང་དུ་ཉིན་10ཡས་མས་བསྟེན་ན་ཆོག་པ་དང་། སྨན་གྱི་ཕན་ནུས་ཡག་པོ་མ་ཐོན་པའི་བྱིས་པས་གཟའ་འཁོར་གཉིས་ཙམ་བསྟེན་ན་དྲག་བསྐྱེད་ཡོང་ཐུབ་ཅིང་། བྱིས་པས་དར་མའི་སྨན་བསྟེན་རྒྱུ་མེད།

 

པར་རིས་ཀྱི་འབྱུང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར།

 

       འཁོར་ཆེན་ནང་ཀྲེའི་རིགས་ཀྱི་སྨན་རྫས་ལས་སྨན་ནུས་ཉམས་པའི་གནས་ཚུལ་ཐོན་སླ་པོ་ཡོད་པས། གློ་ཚད་ཕྲ་གྱེས་གདོད་གཟུགས་སྨན་བཅོས་བྱས་རྗེས། གལ་ཏེ་ཚ་བ་མི་རྒྱས་པ་དང་གློ་མི་ལུ་བ། དབུགས་ལམ་གྱི་ནད་རྟགས་མེད་པར་གྱུར་ནས་ཉིན་གསུམ་ལྷག་སོང་ཚེ། ཕྲ་སྲིན་འགོག་བཅོས་ཀྱི་སྨན་རྫས་སྤྱོད་མཚམས་བཞག་ནས་སྨན་ནུས་ཉམས་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

       དྲག་སྐྱེད་དུས་རིམ་དུ་དོ་སྣང་བྱེད་དགོས་པའི་དོན་དག་གང་དག་ཡོད།

       གློ་ཚད་ཕྲ་གྱེས་གདོད་གཟུགས་ལས་དྲག་སྐྱེད་བྱུང་རྗེས། སྤྱིར་བཏང་དུ་ནད་རོ་ལྷག་མི་སྲིད་ལ། ཉེ་དུས་ཡང་བསྐྱར་འགོ་བའི་གནས་ཚུལ་ཡང་ཐོན་མི་སྲིད། ལུས་གསོ་བའི་སྐབས་སུ། བྱིས་པས་འཚོ་བཅུད་ལ་དོ་སྣང་བྱས་ནས་སྤྲི་དཀར་རྫས་འདུས་ཡོད་པའི་ཟས་རིགས་མང་ཙམ་ཟ་བ་དང་། གཉིད་འདང་ངེས་ཉལ་བ། ཕྱི་རོལ་དུ་སྦྱོང་བརྡར་འོས་འཚམས་བྱེད་དགོས།

       གློ་ཚད་ཕྲ་གྱེས་གདོད་གཟུགས་སྔོན་འགོག་ཇི་ལྟར་བྱེད་དགོས། 

       མིག་སྔར། གློ་ཚད་ཕྲ་གྱེས་གདོད་གཟུགས་སྔོན་འགོག་བྱེད་པའི་རིམས་འགོག་སྨན་ཁབ་མེད། སྔོན་འགོག་བྱེད་པའི་ཐད། ཁྱིམ་བདག་དང་བྱིས་པས་སྒེར་གྱི་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་འཇག་པ་བྱས་ཏེ། མི་ཚོགས་མང་ཞིང་རླུང་འགྲོ་ཡག་པོ་མེད་པའི་གནས་ལས་གཡོལ་དགོས་པ་དང་། འགྲོ་དགོས་ངེས་ཀྱི་སྐབས་སུ་ཁ་རས་ཡག་པོ་རྒྱག་དགོས། གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་ཁ་སྣ་འགེབ་པ་དང་། ལག་པར་གཙང་སྦྲ་དང་དུག་སེལ་བྱེད་དགོས། དུས་མཚུངས་སུ་ཁང་པའི་ནང་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས་པ་མ་ཟད། ལུས་པོ་འཁྱག་ཏུ་འཇུག་མི་རུང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

གློ་ཚད་ཕྲ་གྱེས་གདོད་གཟུགས་འགོས་ན་ནད་རོ་འཇོག་སྲིད་དམ།

ཉེ་ལམ། ས་གནས་ཁག་ལ་གློ་ཚད་ཕྲ་གྱེས་གདོད་གཟུགས་(肺炎支原体)འགོས་པའི་བྱིས་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད། གློ་ཚད་ཕྲ་གྱེས་གདོད་གཟུགས་ནི་ཅི་ཡིན་པ་