ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

​སྡིག་སྲིན་དུང་ཕྱུར་བཅུ་ལྷག་མུ་གེས་ཤི་འདུག

2023-10-26 17:50:00     责编:娜科

ཉེ་བའི་ལོ་ཤས་རིང་། ཨ་རིའི་ཨ་ལ་སི་ཅ་མངའ་སྡེའི་ཉེ་འགྲམ་གྱི་མཚོ་ཁོངས་ནས་ཁ་བའི་སྡིག་སྲིན་དུང་ཕྱུར་བཅུ་ཕྲག་ཁ་ཤས་མེད་པར་གྱུར་ཅིང་། ཚན་རིག་པ་རྣམས་ཀྱིས་དེའི་རྒྱུ་རྐྱེན་ནི་རྒྱ་མཚོའི་དྲོད་ཚད་མཐོ་རུ་སོང་བས་ཡིན་པ་ཤེས་རྟོགས་བྱུང་ཡོད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་ཚེས་20ཉིན་གནས་ཚུལ་སྤེལ་བར།  ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་མོའི་དོ་དམ་ཅུས་ཀྱི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར་གཞིགས་ན། པེ་ལིང་རྒྱ་མཚོའི་ཤར་རྒྱུད་ཀྱི་རྒྱ་མཚོའི་ཚ་རླབས་ཀྱི་རྐྱེན་ལས་ཁ་བའི་སྡིག་སྲིན་འབོར་ཆེན་བཀྲེས་ལྟོགས་ཀྱིས་ཤི་གི་ཡོད་པ་རེད། ཞིབ་འཇུག་དེའི་ནང་ཁ་བའི་སྡིག་སྲིན་ནི་ཆུ་གྲང་མོའི་ནང་འཚོ་བའི་སྡིག་སྲིན་གྱི་རིགས་ཡིན་པ་དང་མང་ཆེ་བ་དྲོད་ཚད་ཧྲེ་ཧྲི་ཏུའུ་2ལས་དམའ་བའི་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། དྲོད་འཇམ་གྱི་མཚོ་ཆུས་ཁ་བའི་སྡིག་སྲིན་གྱི་རྙིང་ཚབ་གསར་བརྗེས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་མ་ཟད།  བཟའ་བཏུང་གི་དགོས་མཁོ་ཇེ་མང་དུ་གཏོང་སྲིད། དྲོད་ཚད་མཐོ་བའི་དབང་གིས་པེ་ལིང་རྒྱ་མཚོའི་ཟས་རིགས་ཀྱི་སྦྲེལ་ཐགས་མང་ཆེ་བར་གཏོར་བཤིག་ཐེབས་ཏེ་ཁ་བའི་སྡིག་སྲིན་ལ་ཟས་རིགས་དཀོན་པར་གྱུར།

གཞན་ཡང་ཕྱི་རྒྱལ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཁ་བའི་སྡིག་སྲིན་གྱི་གྲངས་འབོར་ཆེས་ཆེར་ཉུང་དུ་སོང་བ་ལས་ས་གནས་དེ་གའི་དཔལ་འབྱོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ཨ་ལ་སི་ཅའི་རྔོན་རྒྱག་སྡེ་ཚན་གྱི་དཔོན་རིགས་ཀྱིས་སྡིག་སྲིན་གྱི་གྲངས་འབོར་སླར་གསོ་བྱེད་པར་དུས་ཚོད་དགོས་པ་དང་སྡིག་སྲིན་ཕྲུ་གུ་ལོ་7ནས་8བར་གྱི་དུས་ཚོད་ནང་གཞི་ནས་འཚར་ལོངས་ཐུབ་ཀྱི་ཡོད། དེ་རྗེས་གཞི་ནས་འཛིན་ཆོག་ཁྱབ་ཁོངས་སུ་རྩིས་ཆོག་གི་ཡོད་ཅེས་བཤད་ཡོད། སྡིག་སྲིན་འཛིན་སའི་ལས་རིགས་ཀྱིས་ཨ་ལ་སི་ཅའི་སྡིག་སྲིན་འཛིན་མཁན་གྲུ་གཟིངས་རུ་ཁག་གི་ཁོངས་མི་མང་པོ་ཞིག་ལ་ཡོང་འབབ་མེད་པར་སྤྱིའི་གྱོང་གུན་ཨ་སྒོར་དུང་ཕྱུར་10ལས་བརྒལ་བཟོ་ཡོད།

གཞན་ཡང་། ཉེ་དུས་ཀྱི་ཉ་འཛིན་པའི་དུས་ཚིགས་སུ་ཨ་རིའི་ནུབ་རྒྱ་མཚོའི་ངོགས་ཀྱི་སྡིག་སྲིན་རིགས་གཞན་ཞིག་གི་གྲངས་འབོར་ཡང་མྱུར་དུ་ཆག་ཡོད་པ་རེད། དེའི་འཆི་རྐྱེན་ད་དུང་གཏན་འཁེལ་བྱུང་མེད། ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་མོའི་དོ་དམ་ཅུས་ཀྱིས་དེའི་རྒྱུ་རྐྱེན་ནི་ཁོར་ཡུག་གནོན་ཤུགས་དང་འབྲེལ་བའི་རྒྱུ་རྐྱེན་ཏེ་དཔེར་ན་གསོ་རླུང་མི་འདང་བ་དང་། གནོད་ལྡན་ཆུ་རྩྭའི་རིགས། ཆུ་དྲོད་འགྱུར་ལྡོག་སོགས་ཡིན་མིན་གཏན་འཁེལ་བྱེད་བཞིན་ཡོད་ཅེས་བཤད་འདུག

སྡིག་སྲིན་སོགས་རྒྱ་མཚོའི་སྐྱེ་དངོས་ལ་གནམ་གཤིས་དྲོད་འགྱུར་གྱི་འཇིགས་པ་བཟོ་བ་ཕུད། ཨ་རིའི་ཞིབ་འཇུག་ལས་མེ་གླིང་བྱང་མའི་འདབ་ཆགས་ཀྱི་སྐྱེ་འཕེལ་འགྲོ་ཤུགས་ཡང་ཆུང་དུ་འགྲོ་བཞིན་ཡོད་པ་ཤེས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

​སྡིག་སྲིན་དུང་ཕྱུར་བཅུ་ལྷག་མུ་གེས་ཤི་འདུག