ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

གཟབ་རོགས། ཤ་མོ་ཟོས་པས་ཟས་དུག་ཕོག་པའི་དོན་རྐྱེན་ཐོན་འདུག

2023-09-20 17:52:00     责编:桑吉卓玛

གཟབ་རོགས། ཤ་མོ་ཟོས་པས་ཟས་དུག་ཕོག་པའི་དོན་རྐྱེན་ཐོན་འདུག

 

       སྤྱི་ལོ་2023ལོའི་ཟླ་9ཚེས་16ཉིན་པེ་ཅིན་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་ལུའུ་ཧོ་སྨན་ཁང་གི་ནད་ཡམས་ཚོད་འཛིན་ཚན་ཁག་གི་སྙན་ཞུ་འབྱོར་ཞིང་། སྙན་ཞུའི་ནང་སྨན་ཁང་དེའི་དོས་དྲག་ཁང་ལ་ཁྱིམ་ཚང་གཅིག་གི་རྒན་རྒོན་གཉིས་ཀྱིས་རི་སྐྱེས་ཤ་མོའི་ཟས་དུག་ཕོག་ཤས་ཆེ་བའི་དོན་རྐྱེན་བྱུང་ཚུལ་ཞུས་ཡོད་པས། སྙན་ཞུ་འབྱོར་རྗེས་ཐུང་ཀྲོའུ་ཆུས་ཀྱིས་འཕྲལ་དུ་ནད་ཡམས་རིག་པའི་བརྟག་དཔྱད་བྱས་པ་རེད། 
 

 

       བརྟག་དཔྱད་བྱས་པ་བརྒྱུད། ནད་པ་གཉིས་ཀ་ཐུང་ཀྲོའུ་ཆུས་རང་སའི་མང་ཚོགས་ཡིན་ཞིང་། སྤྱི་ཟླ་9ཚེས་15ཉིན་གྲོང་ཚོའི་ཉེ་འཁོར་གྱི་སྤྱི་གླིང་ནང་འཆམ་འཆམ་དུ་སྐྱོད་སྐབས་སྤྱི་གླིང་གི་སྦྱར་སྡོང་ཁྲོད་ན་ཤ་མོ་སྐྱེས་ཡོད་པ་མཐོང་བས་ཤ་མོ་བཏོག་པ་དང་། ཉིན་དེའི་ཆུ་ཚོད་19ཙམ་ལ་དགོང་ཟས་སུ་བྱས་ནས་ཟོས་པ་རེད།

       ཟ་མ་ཟོས་ནས་ཆུ་ཚོད་3ཙམ་སོང་མཚམས་སུ་དེ་གཉིས་ལ་རྔུལ་ཆུ་མང་པོ་ཐོན་པ་དང་། ཁ་ཆུ་བཞུར་བ། ལག་འདར་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་པ་རེད། དེ་རྗེས་ལུའུ་ཧོ་སྨན་ཁང་དུ་བསྐྱལ་ནས་ནད་བསྟུན་མྱུར་སྐྱོབ་བྱས་ཤིང་། སྙན་ཞུ་ཕུལ་བའི་བར་ནད་པའི་ཚེ་སྲོག་ལ་ཉེན་ཁ་བྱུང་མེད།

 

 

       ཐུང་ཀྲོའུ་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་འཕྲལ་སྡོམ་མི་སྣས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པར་གཞིགས་ན། སྤྱི་གླིང་དེར་སྦྱར་སྡོང་མང་བས་གང་སར་སྡོང་བོའི་ཡལ་ག་དང་ལོ་མ་རུལ་པས་གང་ཡོད་ཅིང་། སྡོང་པོའི་གི་བསིལ་གྲིབ་འོག་རྒྱུན་དུ་ཤ་མོ་སེར་ནག་ཆུང་གྲས་མཐོ་ཚད་ལི་སྨི་6ནས་10བར་ཡོད་པ་ཤ་གདུགས་ལ་སེར་ཁ་ཅན་ཁ་ཐོར་དུ་སྐྱེས་པ་མཐོང་ཐུབ། ནད་པའི་ནང་མིས་བཤད་པར་གཞིགས་ན་ཤ་མོ་དེ་རིགས་ནད་གཞི་འབྱུང་རྐྱེན་དུ་ངོས་འཛིན་བྱས་ཡོད། 

       པེ་ཅིན་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་དེ་བཞིན་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། ཤ་མོ་དེ་རིགས་ནི་ཧྭ་པེ་ས་ཁུལ་དུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་གདུགས་རིས་ཅན་གྱི་དབང་རྩའི་རིགས་ཀྱི་དུག་ལྡན་ཤ་མོ་ཞིག་ཡིན་པ་རེད། 

 

 

       པེ་ཅིན་གྱི་རྒྱུན་མཐོང་དུག་ལྡན་ཤ་མོ་ཕྱོགས་བསྒྲིགས། 

       ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཤ་མོའི་ཟས་དུག་ཕོག་པའི་དོན་རྐྱེན་མང་དུ་འགྲོ་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ལྷོ་ནུབ་དང་ཧྭ་དབུས་ས་ཁུལ་སོགས་སྲོལ་རྒྱུན་གྱི་ཤ་མོའི་ཟས་དུག་ཐོན་མང་བའི་ས་ཁུལ་མ་ཟད་བྱང་ཕྱོགས་ས་ཁུལ་དུ་ཤ་མོའི་ཟས་དུག་ཕོག་པའི་དོན་རྐྱེན་ཡང་ཐོན་མང་དུ་འགྲོ་བཞིན་ཡོད་པ་དང་། པེ་ཅིན་ས་ཁུལ་དུ་ཤ་མོའི་བཟས་དུག་ཕོག་པའི་དོན་རྐྱེན་ཐོན་ཉེན་ཆེ་རུ་འགྲོ་གི་ཡོད། 

       པེ་ཅིན་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རི་སྐྱེས་ཤ་མོ་རིགས་མང་པོ་ཡོད་པའི་ནང་དུག་ཡོད་པ་རིགས་500ལྷག་དང་དུག་ཤེད་ཆེ་བའི་རིགས་40ལྷག་ཙམ་ཡོད། 

       ཤ་མོའི་ཟས་དུག་ཕོག་མང་བའི་དུས་ནི་སྤྱི་ཟླ་6པ་ནས་སྤྱི་ཟླ་9པའི་བར་ཡིན་ལ། སྤྱི་ཟླ་9པའང་སྔར་བཞིན་ཤ་མོའི་ཟས་དུག་ཕོག་མང་བའི་དུས་ཡིན།

       དུག་ལྡན་ཤ་མོའི་དུག་རྒྱུ་གྲུབ་ཆ་མི་འདྲ་ལ། དུག་ཕོག་རྗེས་ཀྱི་ནད་རྟགས་ཀྱང་མི་འདྲ་མོད། རྒྱུན་མཐོང་གི་རིགས་ལ་ཕོ་རྒྱུའི་གཉན་ཚད་རིགས་དང་། མྱུར་གཤིས་མཆིན་ནད་རིགས། མྱུར་གཤིས་མཁལ་ནད་རིགས། དབང་རྩ་སེམས་ཁམས་རིགས། ཁྲག་ཞུ་རིགས། འཕྲེད་རིས་ཤ་གྲིམ་ཞུ་འབྱེད་རིགས། འོད་སྐྱེན་ལྤགས་པའི་རིགས་བཅས་རིགས་7ཡོད། 

       དུག་ཅུང་ཟད་ཕོག་ན་ཞེ་མེར་བ་དང་། སྐྱུག་པ། གྲོད་པ་ན་བ། ཁོག་པ་བཤལ་བ་སོགས་ཀྱི་ཕོ་རྒྱུའི་ནད་རྟགས་ཐོན་པ་དང་། མིག་དབང་རབ་རིབ་ཏུ་འགྱུར་བ་དང་། སེམས་ཁམས་ཉོབ་པ། འཕྲུལ་སྣང་བྱུང་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་། ཚབས་ཆེ་ན་ཁྲག་ཞུ་དང་། མཆིན་པ་དང་མཁལ་མ་སོགས་ལ་གནོད་འཚེ་ཕོག་པ་དང་། ཐ་ན་ཤི་བའི་ཉེན་ཁའང་ཡོད། 

       དུག་ཕོག་པའི་དོན་རྐྱེན་ཁྲོད་རྒྱུན་དུ་མཐོང་མང་ཤོས་ནི་ཕོ་རྒྱུའི་གཉན་ཚད་ཡིན་མོད། ཤི་རྐྱེན་གཙོ་བོ་ནི་མྱུར་གཤིས་མཆིན་གནོད་དང་འཚེ་ཐེབས་པའི་རིགས་དང་འཕྲེད་རིས་ཤ་གྲིམ་ཞུ་འབྱེད་ཅན་ཡིན། 

       གཤམ་གསལ་ནི་པེ་ཅིན་ས་ཁུལ་དུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་དུག་ཤ་ཡིན། 

↓↓↓

 

 

       སྒྲིག་སྦྱོར་བ། དབྱང་ཕན། 

       ཤ་མོའི་ཟས་དུག་ཕོག་དོགས་བྱུང་ན་ལམ་སང་སྨན་པར་བསྟེན་དགོས། 

       མིག་སྔར་ཤ་མོའི་ཟས་དུག་ཕོག་པར་བཅོས་ཐབས་རྙེད་པས་མེད་པས། དུག་ཕོག་ན་འཚབ་ཆེ་བ་དང་། ནད་རྟགས་ལྕི་བ། ནད་ཕོག་ཚད་མཐོ་བ་བཅས་ཡིན། གལ་ཏེ་ཤ་མོའི་ཟས་དུག་ཕོག་ཚེ་ནད་རྟགས་ཐོན་མགྱོགས་ཤིང་ཚབས་ཆེ་ལ། ཤི་ཚད་མཐོ། ཤ་མོའི་ཟས་དུག་ཕོག་པར་སྔོན་འགོག་བྱེད་ཐབས་ཡག་ཤོས་ནི། རི་སྐྱེས་ཤ་མོ་མི་ཐོགས་པ་དང་། མི་ཉོ་བ། མི་སྤྱོད་པ་བཅས་ཡིན། ཤ་མོའི་ཟས་དུག་ཕོག་དོགས་བྱུང་ན་ཅི་ལྟར་བྱེད་དགོས་སམ་ཞེ་ན། གཤམ་གྱི་ནང་དོན་ངེས་པར་དུ་ཡིད་ལ་འཇོག་དགོས། 

       མྱུར་དུ་སྨན་པར་བསྟན་དགོས། 

       ཤ་མོའི་ཟས་དུག་ཕོག་ན་དུས་ཡུན་ཐུང་ངུའི་ནང་དུག་ཤུགས་མངོན་པ་ཡིན་པས་རི་སྐྱེས་ཤ་མོ་ཟོས་རྗེས་ནད་རྟགས་ཐོན་ཚེ། ནད་རྟགས་ཚབས་ཆེ་མིན་མ་གཏོད་པར་མྱུར་དུ་སྨན་པར་སྟོན་དགོས། གལ་ཏེ་རང་སྐྱ་འཕེར་ན་སྐྱུག་འདེད་བྱེད་དགོས། དུག་གཤིས་མངོན་ནས་དྲན་པ་མི་གསལ་བར་གྱུར་ཚེ་དབུགས་འགག་ཉེན་ཆེ་བས་སྐྱུག་འདེད་བྱ་མི་རུང་། དུག་ཕོག་མཁན་དང་མཉམ་དུ་ཟ་མ་ཟོས་མཁན་གྱིས་ནད་རྟགས་ཡོད་མེད་གང་རུང་ལ་སྨན་པ་བསྟེན་ནས་སྨན་བཅོས་ཀྱི་གོ་སྐབས་ཡག་ཤོས་མི་ཤོར་བ་བྱེད་དགོས། 

       རི་སྐྱེས་ཤ་མོའི་མ་དཔེ་ཉར་དགོས། 

       སྨན་པ་བསྟེན་སྐབས་སྨན་པར་རི་སྐྱེས་ཤ་མོ་ཟོས་པའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་དགོས། རབ་བྱུང་ན་རི་སྐྱེས་ཤ་མོའམ་དེའི་འདྲ་པར་ཁྱེར་དགོས། དེ་ལྟར་བྱས་ན་དུག་ཁོངས་ངོས་འཛིན་ཡང་དག་བྱེད་པར་ཕན་པ་ཆེ། 

       “དྲག་ཡུན་རྫུན་མར་”གཟབ་དགོས། 

       མཆིན་པར་གནོད་འཚེ་ཐེབས་པའི་ཤ་མོའི་ཟས་དུག་ཕོག་སྐབས། ནད་པར་སྐྱུག་པ་དང་གྲོད་པ་བཤལ་བ་སོགས་དོས་དྲག་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་ཕོག་རྗེས། དྲག་སྐྱེད་བྱུང་བའི་ཚོར་སྣང་ཡོང་གི་ཡོད་པས། སྐྱོན་མི་འདུག་སྙམ་ནས་སྣང་མེད་དུ་འཇོག་སླ་བ་ཡིན། དོན་དུ་དེ་དུས་མཆིན་པ་དང་མཁལ་མའི་ནུས་པར་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པས། དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་དབང་པོའི་ནུས་པ་ཉམས་སྲིད། དེར་བརྟེན། ནད་རྟགས་མེད་ནའང་ནད་དུག་ཕོག་ཡུན་ཆུ་ཚོད་6ཡན་ལ་སླེབས་པའི་ནད་པར་དུས་ཐོག་ཏུ་ནད་བརྟག་སྨན་བཅོས་བྱེད་ནུས་ལྡན་པའི་ཕྱོགས་བསྡུས་སྨན་ཁང་དུ་སྨན་བཅོས་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག 
ཡིག་སྒྱུར། ཨ་བསྟན།

中央广播电视总台 央广网 版权所有

གཟབ་རོགས། ཤ་མོ་ཟོས་པས་ཟས་དུག་ཕོག་པའི་དོན་རྐྱེན་ཐོན་འདུག

སྤྱི་ལོ་2023ལོའི་ཟླ་9ཚེས་16ཉིན་པེ་ཅིན་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་ལུའུ་ཧོ་སྨན་ཁང་གི་ནད་ཡམས་ཚོད་འཛིན་ཚན་ཁག་གི་སྙན་ཞུ་འབྱོར་ཞིང་།