ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

དོགས་ཟོན་བྱོས། བོད་ལྗོངས་ཀྱི་མི་2ལ་མགོ་སྐོར་ཐེབས་འདུག

2023-07-04 09:54:00     责编:桑吉卓玛

དོགས་ཟོན་བྱོས། བོད་ལྗོངས་ཀྱི་མི་2ལ་མགོ་སྐོར་ཐེབས་འདུག

 

       ཉེ་ཆར། བོད་ལྗོངས་ཀྱི་གྲོང་མི་གཉིས་ལ་དྲ་རྒྱའི་རྩིས་ཐོ་གཡོ་འགོད་ཞོར་ལས་ཀྱི་ཁ་བསླུས་རྒྱག་པའི་གནས་ཚུལ་འཕྲད་པ་དང་། ཞབས་ཞུའི་མི་སྣར་བརྫུས་ནས་དྲ་རྒྱའི་རྩིས་ཨང་བསུབས་པའི་ཁ་བསླུས་ཐེབས་ཏེ་ཁྱོན་སྒོར་ཁྲི་102ལྷག་ཙམ་གྱི་གྱོང་གུན་ཕོག་ཡོད།

 

 

       དྲ་རྒྱའི་ཚོང་ཐོ་གཡོ་འགོད་ཞོར་ལས་ཀྱི་ཁ་བསླུས་རྒྱག་པའི་གྱོད་གཞིའི་བརྒྱུད་རིམ་ནི། ཟླ་6པའི་ཚེས་25ཉིན། གྲོང་མི་ཀྲང་ལགས་སྐད་འཕྲིན་གྱི་ཚོགས་པ་ཞིག་གི་ནང་དུ་བཅུག་ཡོད་པ་དང་། ཚོགས་པ་དེའི་ནང་མི་ཞིག་གིས་རྩིས་ཐོ་གཡོ་འགོད་ཀྱི་ཞོར་ལས་བྱེད་པའི་APPཕབ་ལེན་བྱས་ནས་གླ་དངུལ་ལེན་ཆོག་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། དེ་འཕྲལ་ཀྲང་ལགས་ཀྱིས་APPདེ་ཕབ་ལེན་བྱས་པ་རེད། དེ་རྗེས་མི་དེས་APPདེའི་ནང་དངུལ་བཞག་ན་དམིགས་འཛུགས་ཀྱི་རྩིས་ཐོ་འགོད་པའི་ལས་འགན་ལེགས་སྒྲུབ་བྱས་ཏེ་ཁེ་བཟང་ཕྱིར་སློག་བྱས་ཆོག་པར་ཁ་གཡར་ནས་སྐུ་ཞབས་ཀྲང་ལགས་ཀྱི་སྒོར་122060ཁ་བསླུས་བརྒྱབ་པ་རེད།

       མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།

       ཁ་བསླུས་རྒྱག་ཐབས། མགོ་སྐོར་གཏོང་མཁན་གྱིས་མི་ཁག་གཅིག་གིས་ཡོང་འབབ་མགྱོགས་པོ་གསོག་འདོད་བྱེད་པའི་རེ་བ་བཅངས་པར་གཞིགས་ཏེ། གདན་ཞུའི་འཕྲིན་སྟེགས་དང་འཕྲིན་ཐུང་སོགས་ཀྱི་ཐབས་ལམ་བརྒྱུད་དྲ་ཐོག་ཞོར་ལས་ཀྱི་བརྡ་ཁྱབ་སྤེལ་བ་དང་། མི་སྣ་བསྡུས་ཏེ་དྲ་རྒྱའི་རྩིས་ཐོ་གཡོ་འགོད་ཀྱི་ཞོར་ལས་སྒྲུབ་ཏུ་བཅུག་ཅིང་། རྩིས་ཐོ་དེ་དག་གི་ཉོ་ཚོང་ལེགས་སྒྲུབ་བྱུང་རྗེས། ཞོར་ལས་སྒྲུབ་མཁན་ལ་ཉོ་སྒྲུབ་ཀྱི་འགྲོ་གྲོན་ཕྱིར་སློག་བྱེད་པ་དང་འབྲེལ་ཁེ་སྤོགས་མང་པོ་ཕྱིར་སློག་བྱ་རྒྱུ་ཁས་ལེན་བྱེད་ཀྱི་ཡོད། གལ་ཏེ་མི་ཞིག་གཡོ་འོག་ཏུ་ཚུད་ཚེ། མགོ་སྐོར་གཏོང་མཁན་གྱིས་ཁ་ལྕེ་བདེ་མོར་བརྟེན་ནས་གནོད་འཚེ་ཕོག་མཁན་ལ་རྩིས་ཐོ་གཡོ་འགོད་བྱེད་པའི་མགོ་སྐོར་གཏོང་བ་དང་། རྩིས་ཐོ་ཐོ་འགོད་ཐེངས་དང་པོ་ལེགས་གྲུབ་བྱས་རྗེས། དངུལ་གྲངས་ཉུང་ཤས་ཕྱིར་སློག་བྱས་ནས་གནོད་འཚེ་ཕོག་མཁན་ལ་ཁེ་བཟང་ཕྲན་བུ་རག་ཏུ་འཇུག་པ་དང་། གནོད་འཚེ་ཕོག་མཁན་གྱིས་ཉོ་ཚོང་བྱེད་གྲངས་མང་དུ་སོང་རྗེས། མགོ་སྐོར་གཏོང་མཁན་གྱིས་རྒྱུ་མཚན་སྣ་ཚོགས་ཀྱི་ཐོག་ནས་དངུལ་ཕྱིར་སློག་བྱེད་ཀྱི་མེད།

       འགོག་ཟོན་ཕྱོགས་སྟོན། དྲ་རྒྱའི་རྩིས་ཐོ་གཡོ་འགོད་བྱ་རྒྱུ་དེ་མ་གཞི་ནས་ཁ་བསླུས་རྒྱག་ཐབས་ཤིག་རེད། རྩིས་ཐོ་གཡོ་འགོད་བྱས་ན་ཁེ་བཟང་ཕྱིར་སློག་བྱེད་ངེས་ཡིན་ཟེར་བ་དེ་དག་ཚང་མ་ནི་མགོ་སྐོར་གཏོང་ཐབས་ཤིག་ཡིན་པས། དྲ་རྒྱའི་རྩིས་ཐོ་གཡོ་འགོད་བྱེད་པའི་ནང་གཏན་ནས་ཞུགས་མི་རུང་། གཞན་ཡང་དྲ་ཐོག་ནས་ཅ་དངོས་ཉོ་སྒྲུབ་བྱེད་པ་དང་ཆབས་ཅིག་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱས་ནས་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།

       ཞབས་ཞུ་མི་སྣར་བརྫུས་ནས་ཐོ་ཁོངས་བསུབས་ཏེ་ཁ་བསླུས་རྒྱག་པའི་གྱོད་གཞི།

       གྱོད་གཞིའི་བརྒྱུད་རིམ། ཟླ་6པའི་ཚེས་27ཉིན། གྲོང་མི་ལིའུ་ལགས་ལ་རང་ཉིད་ནི་“སྒོར་ས་ཡའི་འགན་སྲུང་ཀུང་སི”ཡི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཁ་པར་འབྱོར་ཞིང་། ཕ་རོལ་པོས་ལིའུ་ལགས་ལ་དྲ་ཐོག་ནས་སྒོར་ས་ཡའི་འགན་སྲུང་ལས་སྒོ་གཉེར་འདུག་པས། གལ་ཏེ་དྲ་རྒྱའི་ཐོ་ཁོངས་དེ་མ་བསུབས་ན་ཟླ་རེའི་ཚོགས་དངུལ་མང་པོ་སྤྲོད་དགོས་ཞེས་བཤད་ཡོད། ལིའུ་ལགས་ཀྱིས་མི་དེས་བཤད་པའི་སྐད་ཆར་ཡིད་ཆེས་བྱས་པ་མ་ཟད་APPའདི་ཕབ་ལེན་བྱས་པ་དང་། ཕྱིས་སུ་མི་དེས་ཐོ་ཁོངས་མེད་པ་བཟོ་དགོས་ན་ལིའུ་ལགས་མིང་ཐོག་གི་རྒྱུ་ནོར་དག་བདེ་འཇགས་རྩིས་ཁྲ་རུ་བསྒྱུར་དགོས་ཞེས་ཁ་གཡར་ནས་ལིའུ་ལགས་ཀྱི་སྒོར་898765ཁ་བསླུས་བརྒྱབ་པ་རེད། མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།

       ཁ་བསླུས་རྒྱག་ཐབས། མགོ་སྐོར་གཏོང་མཁན་གྱིས་དྲ་ཐོག་ཚོང་དོན་སྟེགས་བུའི་ཞབས་ཞུ་མི་སྣར་བརྫུས་ནས་མཁོ་མཁན་ཕྱོགས་ཀྱིས་བཀོལ་སྤྱོད་བྱེད་ནོར་ཤོར་བའི་དབང་གིས་ཚབ་འཚོང་དང་།VIPཚོགས་མིའམ་ཡང་ན་སྒོར་ས་ཡའི་འགན་སྲུང་ལས་སྒོ་སོགས་ཤར་གཏོང་བྱས་པས། གལ་སྲིད་ཐོ་ཁོངས་ནས་མ་བསུབས་ན་ཟླ་རེར་ཚོགས་དངུལ་མང་པོ་སྤྲོད་དགོས་ཞེས་རྫུན་གཏམ་བཤད་པ་དང་། དེ་རྗེས་“མི་སྒེར་གྱི་རྩིས་ཁྲ་ཞིབ་བཤེར་དང་མ་དངུལ་ཞིབ་བཤེར་བྱེད་པ”རྒྱུ་མཚན་དུ་བྱས་ནས་དངུལ་སྤྲོད་དུ་བཅུག་པའམ་དངུལ་བྱང་དང་ཞིབ་དཔྱད་ཨང་རྟགས་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དུ་བཅུག་ནས་ཁ་བསླུས་རྒྱག་གི་ཡོད།

       འགོག་ཟོན་ཕྱོགས་སྟོན། གལ་ཏེ་རང་ཉིད་ནི་ཅིང་ཏུང་དང་། གཏོང་སྤྲོད་ནོར་མཛོད། སྐད་འཕྲིན་དངུལ་བུན་སོགས་ཀྱི་ལས་བྱེད་མི་སྣ་ཡིན་ཟེར་མཁན་གྱི་ཁ་པར་འབྱོར་ཚེ་ངེས་པར་དུ་དོགས་ཟོན་བྱེད་དགོས། ལྷག་པར་དུ་དངུལ་གཏོང་སྤྲོད་དང་དངུལ་བུན་གཡར་བ་སོགས་དང་འབྲེལ་བ་ཡོད་པའི་ཁ་པར་འབྱོར་ཚེ་ཚང་མར་ཁ་ཡ་བྱེད་མི་རུང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། བཀྲ་རྡོར།

中央广播电视总台 央广网 版权所有

དོགས་ཟོན་བྱོས། བོད་ལྗོངས་ཀྱི་མི་2ལ་མགོ་སྐོར་ཐེབས་འདུག

ཉེ་ཆར། བོད་ལྗོངས་ཀྱི་གྲོང་མི་གཉིས་ལ་དྲ་རྒྱའི་རྩིས་ཐོ་གཡོ་འགོད་ཞོར་ལས་ཀྱི་ཁ་བསླུས་རྒྱག་པའི་གནས་ཚུལ་འཕྲད་པ་དང་། ཞབས་ཞུའི་མི་སྣར་བརྫུས་ནས་དྲ་རྒྱའི་རྩིས་ཨང་བསུབས་པའི་ཁ་བསླུས་ཐེབས་ཏེ་