ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་ཀྱི་ཀེ་རོམ་མཐུན་ཚོགས་དབུ་བརྙེས་པ།

2023-05-29 18:40:00     责编:卓玛才让

     སྤྱི་ཚེས་27ཉིན། བོད་རང་སྐྱོང་ལྗོངས་བོད་ལུགས་ཀེ་རོམ་མཐུན་ཚོགས་དངོས་སུ་དབུ་བརྙེས་ཡོད། བོད་ལུགས་ཀེ་རོམ་ནི་ཤིང་སྒྲོམ་གྲུ་བཞིའི་ཐོག་མཛུབ་མོའི་རྩེད་རྩལ་འགྲན་པའི་རོལ་རྩེད་ལུས་རྩལ་ཞིག་ཡིན་ཞིང་། དེའི་རྩེད་སྟངས་སྟབས་བདེ་ལ་སློབ་སྦྱོང་བྱེད་བདེ་བས་བོད་རིགས་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།

     བོད་ལུགས་ཀེ་རོམ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དུས་ཡུན་རིང་པོའི་ནང་ཀེ་རོམ་རིག་གནས་ཉམས་སུ་བླངས་ནས་དེའི་རྩེད་རྩལ་དང་། རྩེད་ཆས། སྒྲིག་སྲོལ་སོགས་ཀྱི་ཐད་ལེགས་བཅོས་དང་། འཕེལ་རྒྱས་བཏང་ནས་བོད་མི་རིགས་ཀྱི་གོམས་སྲོལ་དང་མཐུན་པའི་རོལ་རྩེད་ཀྱི་རྣམ་གྲངས་ཤིག་ལ་གྱུར་ཡོད། འོན་ཀྱང་ཀེ་རོམ་རོལ་རྩེད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རོལ་སྟངས་ལ་ཚད་གཞི་བཟོ་མཁན་མཐུན་ཚོགས་ཤིག་མེད་པས་དེའི་འཕེལ་རྒྱས་དང་དར་སྤེལ་ལ་ཚོད་འཛིན་ཐེབས་ཡོད།

     ད་ཐེངས་བོད་རང་སྐྱོང་ལྗོངས་བོད་ལུགས་ཀེ་རོམ་མཐུན་ཚོགས་དངོས་སུ་དབུ་བརྙེས་པ་དེས་བོད་ལུགས་ཀེ་རོམ་གྱི་རྩེད་རྩལ་ཡར་རྒྱས་ཡོང་བ་དང་། རྩེད་ཆས་ལེགས་བཅོས་ཐུབ་པ། ཐིག་གི་འགྲོ་ལུགས་འཐུས་ཚང་བཟོ་བ། དེ་བཞིན་རྩེད་མོའི་སྒྲིག་སྲོལ་གཏན་ལ་འཁེལ་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ལ། གཞོན་ནུ་ལོ་ཆུང་ཁྲོད་བོད་ལུགས་ཀེ་རོམ་དར་སྤེལ་གཏོང་བ་དང་། བོད་ལུགས་ཀེ་རོམ་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུ་སོགས་ཀྱི་ཐད་ལའང་ནུས་པ་འདོན་སྤེལ་ཐུབ་ནས་མི་རིགས་ཀྱི་སྲོལ་རྒྱུན་རོལ་རྩེད་ལུས་རྩལ་དར་སྤེལ་ལ་སྐུལ་འདེད་ཐུབ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐྱིད་པོ། ལྷག་པ།

གསར་འགོད་པ། བསྟན་འཛིན།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་ཀེ་རོམ་མཐུན་ཚོགས་དབུ་བརྙེས་པ།