ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རིན་གོང་བཅག་པའི་ཟས་རིགས་བདེ་འཇགས་ཡིན་ནམ།

2023-05-27 15:41:00     责编:桑吉卓玛

རིན་གོང་བཅག་པའི་ཟས་རིགས་བདེ་འཇགས་ཡིན་ནམ།

       སྒོ་རྩིས་ཚོང་ཁང་དུ་འགྲོ་སྐབས་ང་ཚོས་རྒྱུན་པར་ཚོང་སྒམ་སྟེང་ཆེད་དུ་བཤམས་ནས་འཚོང་བའི་དུས་ཉེའི་ཟས་རིགས་མཐོང་ཐུབ་ལ། རིན་གོང་ནམ་རྒྱུན་ལས་ཤིན་ཏུ་དམའ་བས་མི་མང་པོ་ཞིག་གིས་ཉོ་བཞིན་ཡོད།

       ཉེ་སྔོན་བཟའ་བཏུང་ཚོང་ཁང་ལ་ལས་དུས་ཉེའི་ཟས་རིགས་དེ་ཕྱི་ནས་མི་མཐོང་བའི་ཤོག་སྒམ་དུ་བཅུག་སྟེ་འཚོང་བར་ན་གཞོན་ཚོའི་དགའ་བསུ་ཐོབ་ཡོད།

       དུས་ཉེའི་ཟས་རིགས་ཞེས་པ་ནི་ཅི་ཡིན་པ་དང་། ཟས་ན་ཆོག་གམ། དུས་ཉེའི་ཟས་རིགས་ཉོས་ན་དངོས་གནས་གནད་དོན་མེད་དམ་ཞེ་ན།

       དེ་རིང་ཀྲུང་གོའི་ཟས་རིགས་ཚན་རིག་ཚན་རྩལ་མཐུན་ཚོགས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཞིབ་ཏུ་བརྗོད་པར་བྱ།

01

       དུས་ཉེའི་ཟས་རིགས་ནི་དོན་ངོ་མ་ཅི་ཞིག་ཡིན་ནམ་ཞེ་ན།

       དེ་ནི་རྒྱུ་སྤུས་འགན་སྲུང་དུས་ཚོད་ཡོལ་ལ་ཉེ་ཞིང་། དུས་ཚོད་ལས་ཡོངས་སུ་མ་ཡོལ་བའི་ཟས་རིགས་ཡིན། དེ་ན་རྒྱུ་སྤུས་འགན་སྲུང་གི་དུས་ཚོད་དང་ཅི་ཙམ་ཉེ་ན་ད་གཟོད་དུས་ཉེ་ཟས་རིགས་ཡིན་ནམ་ཞེ་ན།

       དོན་ངོ་མར་ད་སྐབས་རྒྱལ་ནང་དུ་མངོན་གསལ་གྱི་གཅིག་གྱུར་ཚད་གཞི་ཞིག་མེད་པར། མིག་སྔར་དཔྱད་གཞིར་བཟུང་ཆོག་པ་ཞིག་ནི་སྤྱི་ལོ་2021ལོའི་ཟླ་6པར་བཏོན་པའི་《དུས་ཉེའི་ཟས་རིགས་ཀྱི་འཁོར་རྒྱུག་ཕྱོགས་སྟོན་》ཚོགས་པའི་ཚད་གཞི་(བསམ་འཆར་བསྡུ་ལེན་མ་ཡིག་)ཅེས་པ་འདི་ཡིན།

       ཚོགས་པའི་ཚད་གཞི་བསམ་འཆར་བསྡུ་ལེན་མ་ཡིག་འདི་རུ་ས་ཁུལ་མི་འདྲ་བའི་དུས་ཉེའི་ཟས་རིགས་ཀྱི་ངོས་འཛིན་ཚད་དྲངས་ཡོད་དེ། དཔེར་ན་པེ་ཅིང་གི་བཟོ་ཚོང་ཅུད་ཀྱི་ཚད་གཞི་གཤམ་གསལ་ལྟར་ཡིན།

 

 

02

       དུས་ཉེའི་ཟས་རིགས་ཉོས་ན་བདེ་འཇགས་ཡིན་ནམ།

       རྒྱུན་ལྡན་གྱི་གནས་ཚུལ་འོག་དུས་ཉེའི་ཟས་རིགས་ཉོས་ན་བདེ་འཇགས་ཡིན། 

   《ཟས་རིགས་བདེ་འཇགས་བཅའ་ཁྲིམས་》ཀྱི་གཏན་འབེབས་ལྟར་ན། ཐུམ་བརྒྱབ་པའི་ཟས་རིགས་ལ་ཐོན་སྐྱེད་དུས་ཚོད་དང་རྒྱུ་སྤུས་འགན་སྲུང་དུས་ཚོད་འབྲི་དགོས།

       རྒྱུ་སྤུས་འགན་སྲུང་དུས་ཚོད་ཅེས་པ་ནི་ཟས་རིགས་ཀྱི་ཤོག་བྱང་ངོས་སུ་བཀོད་པའི་ཉར་ཚགས་ཆ་རྐྱེན་འོག་རྒྱུ་སྤུས་འགན་སྲུང་བྱ་ཐུབ་པའི་དུས་བཅད་ཡིན། དུས་བཅད་འདིའི་ནང་ཟས་རིགས་འདི་ཉིད་ཕྱིར་འཚོང་དང་འཛད་སྤྱོད་བྱ་ཆོག་ལ་ཡོངས་སུ་བདེ་འཇགས་ཡིན།

      《ཟས་རིགས་འཕྲོ་བརླག་ལ་རྒོལ་བའི་བཅའ་ཁྲིམས་》ཀྱི་གཏན་འབེབས་ལྟར་ན། སྒོ་རྩིས་ཚོང་ཁང་དང་ཚོང་ར་སོགས་ཟས་རིགས་ཚོང་གཉེར་མཁན་གྱིས་ཚོང་གཉེར་བྱེད་པའི་ཟས་རིགས་ལ་རྒྱུན་པར་ཞིབ་བཤེར་བྱ་དགོས་པ་དང་། རྒྱུ་སྤུས་འགན་སྲུང་དུས་ཚོད་རྫོགས་ལ་ཉེ་བའི་ཟས་རིགས་རིགས་བགར་ཏེ་དམིགས་བསལ་མཚོན་རྟགས་འགོད་པའམ་གཅིག་བསྡུས་ཀྱིས་ཕྱིར་འཚོང་བྱ་དགོས།

       ཞིབ་ཏུ་བཤད་ན་ཚོང་པས་འཛད་སྤྱོད་པས་མི་ཤེས་པའི་གནས་ཚུལ་འོག་དུས་ཉེའི་ཟས་རིགས་འཛད་སྤྱོད་པར་འཚོང་མི་ཆོག་པ་རེད།

       དེ་བས་ཚོང་ཁང་མང་པོས་གྱོད་གུད་ཆུང་དུ་གཏོང་ཆེད་རྒྱུན་པར་རིན་གོང་གཅོག་པའི་རྣམ་པས་མགྱོགས་མྱུར་ངང་དུས་ཉེའི་ཟས་རིགས་ཕྱིར་འཚོང་བྱེད་པ་རེད། སྒོ་རྩིས་ཚོང་ཁང་ལ་ལས་ཆེད་དུ་དུས་ཉེའི་ཟས་རིགས་བཤམས་ས་བཀོད་སྒྲིག་བྱས་ཡོད་པ་དང་། ཐ་ན་ཉེ་བའི་ལོའི་ནང་དུ་དུས་ཉེའི་ཟས་རིགས་ཆེད་འཚོང་ཁང་ཡང་ཕྱེས་ཡོད།

 


03

       དུས་ཉེའི་ཟས་རིགས་ཉོ་ན་ཅི་ཞིག་ལ་མཉམ་འཇོག་དགོས་ཞེ་ན།

       1.ཟས་རིགས་ཀྱི་ཕྱི་ཐུམ་ལ་ཡག་པོ་བལྟ་དགོས།

       གང་ནུས་ཀྱིས་ཚད་ལྡན་སྒོ་རྩིས་ཚོང་ཁང་བདམས་པ་དང་། ཉོ་སྐབས་ཟས་རིགས་ཀྱི་ཕྱི་ཐུམ་ལ་ཞིབ་བཤེར་བྱས་ཏེ་རལ་སྐྱོན་མེད་པ་དང་དབུགས་ཤོར་ཡོད་མེད་གསལ་པོ་བྱ་དགོས།

       ཟས་རིགས་ཤོག་བྱང་སྟེང་གི་ཐོན་སྐྱེད་དུས་ཚོད་དང་རྒྱུ་སྤུས་འགན་སྲུང་དུས་ཚོད་སོགས་གནད་འགག་གི་ཆ་འཕྲིན་ལ་མཉམ་བཞག་ནས་ཐོན་རྫས་དེ་རྒྱུ་སྤུས་འགན་སྲུང་དུས་བཅད་ནང་ཡོད་པ་གཏན་ཁེལ་བྱ་དགོས། གལ་སྲིད་ཤོག་བྱང་ངོས་ཀྱི་ཐོན་སྐྱེད་དུས་ཚོད་རྫུན་མ་ཡིན་པ་དང་དུས་ཚོད་ལས་ཡོལ་བའི་སྣང་ཚུལ་ཡོད་ན་ཞུ་གཏུག་བྱ་དགོས།
 

 

       2. ཉར་ཚགས་ཆ་རྐྱེན་ལ་མཉམ་འཇོག་དགོས།

       དུས་ཉེའི་ཟས་རིགས་དེ་ཤོག་བྱང་ངོས་ཀྱི་བླང་བྱ་ལྟར་ཉར་ཚགས་བྱ་དགོས། འཁྱགས་སྒམ་ནས་ཉར་ཚགས་བྱ་དགོས་པའི་ཟས་རིགས་དེ་རྒྱུན་ལྡན་གྱི་དྲོད་ཚད་འོག་བཞག་ཡོད་ན་ཉོ་མི་ཉན།

      3.མང་ཉུང་འོས་འཚམ་ཉོ་དགོས།

       ལུགས་མཐུན་ངང་འཛད་སྤྱོད་བྱེད་པ་ལས། རིན་གོང་བཅག་པའི་དབང་གིས་དུས་ཉེའི་ཟས་རིགས་མང་པོ་ཉོས་ཏེ་རྗེས་མར་དུས་ཚོད་འགྱངས་ནས་འཕྲོ་བརླག་འགྲོ་བར་གཟབ་དགོས།

       ཉོས་རྗེས་རྒྱུ་སྤུས་འགན་སྲུང་དུས་བཅད་ནང་ཟས་ཚར་བ་བྱ་དགོས། དུས་ཚོད་ལས་འགྱང་པའམ་དྲི་མ་འགྱུར་བ་དང་བྲོ་བ་མི་འདྲ་བ་སོགས་སྣང་ཚུལ་ཡོད་ན་ཟ་མི་ཉན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ། 
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་།

中央广播电视总台 央广网 版权所有

རིན་གོང་བཅག་པའི་ཟས་རིགས་བདེ་འཇགས་ཡིན་ནམ།

སྒོ་རྩིས་ཚོང་ཁང་དུ་འགྲོ་སྐབས་ང་ཚོས་རྒྱུན་པར་ཚོང་སྒམ་སྟེང་ཆེད་དུ་བཤམས་ནས་འཚོང་བའི་དུས་ཉེའི་ཟས་རིགས་མཐོང་ཐུབ་ལ། རིན་གོང་ནམ་རྒྱུན་ལས་ཤིན་ཏུ་དམའ་བས