ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མང་ཚོཊ་ཀུན་གྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས་པ།

2022-12-04 11:16:00     责编:娜科

      རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཉིན་ཤས་བསྟུད་མར་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུས་ཤིང་། ཚང་མས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཀུན་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

      སི་ཁྲོན་སུའེ་ཉིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་རང་རྟོགས་ངང་མཐུན་སྒྲིལ་བྱས་ཐོག རང་རང་གི་ལས་གནས་ཐོག་སྔར་བས་འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་པ་དང་། དཀའ་སྤྱད་སྙིང་རུས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་ཡོད། སི་ཁྲོན་སུའེ་ཉིང་གྲོང་ཁྱེར་ཁྲོན་ཧྲན་ཁུལ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཐང་པོ་ཡིས། བློ་མཐུན་ཅང་ཙེ་རྨིན་གྱིས་ག་དུས་ཡིན་ཡང་མི་དམངས་ཀྱི་ཁེ་ཕན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་འཇོག་གནང་གི་ཡོད་པས། ང་ཚོས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་འགན་འཁྲིར་ངོ་གནོང་མི་དགོས་པ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་པོར་བཟུང་ནས། ཐོན་ལས་དར་བར་བྱེད་རྒྱུ་དང་། གྲོང་གསེབ་སྟོབས་ཆེར་འགྲོ་བར་བྱ་རྒྱུ། ཞིང་པ་ཕྱུག་པོར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

      ཤིན་ཅང་ཨ་ཁེ་སུའུ་རུ། ཚང་མས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། ཤིན་ཅང་ཨ་ཁེ་སུའུ་གྲོང་ཁྱེར་ཁ་ལ་ཐ་ལེ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་རྡལ་གྱི་འགོ་འཛིན་ཨའེ་མའེར་ཅང·ཧེ་མའེ་ཨེར་གྱིས། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱོ་གདུང་ཆེན་པོས་མྱ་ངན་ཟབ་མོ་ཞུས་ཡོད། བློ་མཐུན་ཅང་ཙེ་རྨིན་གྱིས་ང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས། བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱས་ནས་དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་ཇུས་གཞི་ཆེན་པོ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་ཐོག མཐའ་མཚམས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།

      རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། བློ་མཐུན་ཅང་ཙེ་རྨིན་ནི་རང་རེའི་ཏང་དང་། རང་རེའི་དམག རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་ཞུ་བའི་བླ་ན་མེད་པའི་སྙན་གྲགས་ལྡན་པའི་འགོ་ཁྲིད་མི་སྣ་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཐེན་ཅིན་ཧོ་ཕིང་ཁུལ་ནན་དབྱིང་མོན་སྲང་ལམ་ཤང་ཤེད་ལི་སྡེ་ཁུལ་གྱི་གྲོང་མི་ཅིན་མེ་ཡུས་ཀྱིས། བློ་མཐུན་ཅང་ཙེ་རྨིན་གྱི་ཕུལ་བྱུང་ཐུགས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོས་མདུན་སྐྱོད་བྱ་རྒྱུར་ནམ་ཡང་སློབ་གསོ་དང་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད་ཡོད།

      ཧེ་ལུང་ཅང་ཧའར་པིན་གྲོང་ཁྱེར་ཏའོ་ལི་ཁུལ་ཧྥུའུ་ཧྲུན་སྲང་ལམ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོང་ཡུས་ཧྭ་ཡིས། བློ་མཐུན་ཅང་ཙེ་རྨིན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་སེམས་སྡུག་དེ་སྟོབས་ཤུགས་སུ་བསྒྱུར་ཏེ། ཏང་ཡོན་ཚང་མ་དར་ཆ་རེ་རེ་བཞིན་དུ་འགྱུར་བར་བྱས་ནས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་བྲེལ། དཀའ། སྡུག སྨོན་བཞིའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

      ཤང་ཀང་ལས་རིགས་ཁག་གིས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་ཡོད། ཤང་ཀང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི་ལེའང་ཞི་ཡིས། བློ་མཐུན་ཅང་ཙེ་རྨིན་གྱིས་སྔ་ཕྱི་བར་གསུམ་དུ་ཤང་ཀང་གི་འཕེལ་རྒྱས་ལ་དོ་ཁུར་གནང་གི་ཡོད་ཅིང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་དཔང་པོ་གལ་ཆེན་ཞིག་རེད། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ལས་ཀར་འབད་བརྩོན་བྱས་ན་ད་གཟོད་ཁོང་གི་ཐུགས་འདུན་རྒྱུན་འཛིན་བྱེད་ཐུབ་པ་དང་། ཁོང་གིས་ང་ཚོར་བཞག་པའི་ལེགས་སྐྱེས་ཆེན་པོ་སྟོང་ཟད་དུ་འགྲོ་མི་སྲིད་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བཤད་ཡོད། 

      ཨའོ་མོན་གྱི་ལས་རིགས་ཁག་གིས་བློ་མཐུན་ཅང་ཙེ་རྨིན་ལ་རྗེས་དྲན་ཟབ་མོ་ཞུས་ཤིང་། རྒྱལ་གཅེས་དང་ཨའོ་གཅེས་ཀྱི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་ལེན་ཏན་ཏིག་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད། ཨའོ་མོན་བུད་མེད་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་གཙོ་ལིའུ་ཅིན་ལིང་གིས། བློ་མཐུན་ཅང་ཙེ་རྨིན་གྱིས་དུས་ཡུན་རིང་པོའི་ནང་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ཡོང་རྒྱུར་མཐོང་ཆེན་གནང་གི་ཡོད། ཁོང་སྐུ་གཤེགས་པ་ནི་རྒྱལ་ཡོངས་མི་དམངས་ལ་གྱོང་གུན་ཆེན་པོ་ཞིག་རེད། ང་ཚོས་ཁོང་གིས་ཕུལ་བའི་ལེགས་སྐྱེས་རྣམས་ནམ་ཡང་བློ་ལ་བརྟན་པོ་ངེས་པ་དང་དྲན་གསོ་ཞུས་ནས། ཨའོ་མོན་གྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་བུད་མེད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་ཡོད།

     ཐའེ་དབན་གྱི་ལས་རིགས་ཁག་གི་མི་སྣས་ཉིན་ཤས་བསྟུད་མར་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས་ཡོད། ཐའེ་དབན་གཅིག་གྱུར་མནའ་འབྲེལ་ཏང་གི་ཀྲུའུ་ཞི་ཆི་ཅ་ལིན་གྱིས། མཚོ་འགག་གཡས་གཡོན་གཉིས་ཀྱི་ཐད་ལ་ཡང་ཅང་ཀྲུའུ་ཞིས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཁོང་གིས་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་ཀྱི་གནས་བབ་བཏོད་པ་དང་། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་འགྲོ་འོང་ལ་རྨང་གཞི་བཏིང་ཡོད་ཅིང་། ཐའེ་དབན་གྱི་ལས་རིགས་ཁག་དང་སྤེལ་རེས་གཏིང་ཟབ་ཏུ་བཏང་ཡོད་པས། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྱུང་འགྱུར་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་བཤད་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

མང་ཚོཊ་ཀུན་གྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས་པ།