ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

དཔལ་ལྡན་པདྨའི་ངོ་མཚར་ཆེ་བའི་མི་ཚེའི་ལམ་བུ།

2021-02-25 11:19:00     责编:桑吉卓玛

 

 

 

       ཨ་མེ་རི་ཁའི་ལས་རིགས་དབྱུག་རྩེད་སྤོ་ལོའི་མཉམ་འབྲེལ་ཆེན་པོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་གསོ་སྐྱོང་ལྟེ་གནས་ཀྱིས་བདམས་ཤིང་ལོ་དྲུག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཆ་ཚང་ཐོབ་པའི་བོད་རིགས་སློབ་མ་ཐོག་མ། ༼ཉིའུ་ཡོག་སྐབས་དོན་ཚགས་པར༽ཐོག་བཀོད་པའི་བོད་རིགས་ཀྱི་ལུས་རྩལ་པ་ཆེས་ཐོག་མ། ཧྲང་ཧའེ་ཕྱིའི་སྐད་ཡིག་སློབ་ཆེན་དུ་རྒྱུགས་འཕྲོད་པའི་བོད་རིགས་ཀྱི་ཆུ་ཚད་མཐོ་བའི་དབྱུག་རྩེད་སྤོ་ལོའི་ལུས་རྩལ་པ་ཆེས་ཐོག་མ། ཀྲུང་གོའི་དབྱུག་རྩེད་སྤོ་ལོའི་སློབ་གསོའི་རྣམ་པའི་གློག་བརྙན་༼ངོ་མཚར་ཅན་གྱི་ཨང་དགུ་པ༽ཡི་མི་སྣ་གཙོ་བོ་ཁོང་ནི་དཔལ་ལྡན་པདྨ་རེད།

       ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་ནས་ཡིན་པ་དང་། ཨ་མ་དགེ་རྒན་ཞིག་ཡིན་ཞིང་། ལོ་7ལ་སླེབས་སྐབས་ཁོང་གི་ཕ་ཚེ་ལས་འདས། དཔལ་ལྡན་པདྨ་ལོ་10ལ་སླེབས་སྐབས་དབྱུག་རྩེད་སྤོ་ལོར་ཐེངས་དང་པོ་རེག་མྱོང་བ་དང་། རྗེས་སུ་ཁྲང་ཀྲོའུ་གྲོང་ཁྱེར་གྱི་བྱང་འདབས་མཐོ་རིམ་སློབ་འབྲིང་དུ་ཡོད་པའི་ཨ་རིའི་ཆེད་ལས་དབྱུག་རྩེད་སྤོ་ལོའི་མཉམ་འབྲེལ་ཆེན་པོའི་དབྱུག་རྩེད་སྤོ་ལོའི་གསོ་སྐྱོང་ལྟེ་གནས་སུ་སྤོ་ལོའི་རུ་ཁག་ནང་ཞུགས་པ་རེད། 

       དཔལ་ལྡན་པདྨ་ལ་མཚོན་ན། ལྷོ་ཁོ་རེ་ཡ་ནས་ཡོང་བའི་དགེ་རྒན་ཐེན་ཁྲང་ཅི་ནི་ཁོང་དབྱུག་རྩེད་སྤོ་ལོའི་འཇིག་རྟེན་དུ་ཁྲིད་མཁན་དེ་རེད། ཐེན་ཁྲང་ཅིས་དང་ཐོག་ལུས་རྩལ་དེ་མཚོ་བོད་ས་མཐོར་སྤེལ་བའི་རྒྱུ་མཚན་ནི་བོད་རིགས་ས་ཁུལ་གྱི་ཕྲུ་གུའི་གཟུགས་གཞི་བདེ་ཐང་ལ་གདེང་འཇོག་ཡག་པོ་ཡོད་ཁར་ཁོང་ཚོའི་བབ་ཆགས་ཤིང་བློ་བརྟན་འགྱུར་མེད་ཀྱི་ཀུན་སློང་མཐོང་བའི་རྐྱེན་གྱིས་རེད། དབྱུག་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་མང་པོ་ཞིག་ཆུང་དུས་ནས་ལུག་འཚོ་མྱོང་བ་དང་།  ལུག་འཚོ་སྐབས་འུར་རྡོ་རྒྱག་དགོས་པས་ཕྲུ་གུ་ཚོའི་དཔུང་ཤེད་ཡག་པོ་ཡོད། 

       དཔྱིད་གསར་དུས་ཆེན་གོང་། ལོ་23ལ་སླེབས་པའི་དཔལ་ལྡན་པདྨ་ལ་ཁ་པར་ཞིག་འབྱོར་ནས་རང་ཉིད་ཀྱི་དབྱུག་རྩེད་སྤོ་ལོའི་དགེ་རྒན་ཐེན་ཁྲང་ཅིས་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་དུ་ལོ་20ཙམ་རིང་དབྱུག་རྩེད་སྤོ་ལོའི་ལས་དོན་ཁྱབ་གདལ་གཏོང་མཇུག་བསྒྲིལ་ནས་རྗེས་སོར་ལས་འགན་ཁོང་ལ་སྤྲོད་རྒྱུ་ཡིན་པ་ཤེས། དཔལ་ལྡན་པདྨ་ནི་ཧྲང་ཧའེ་ཕྱིའི་སྐད་ཡིག་སློབ་ཆེན་ནས་ཐོན་པ་དང་། ཨ་རིའི་ལས་རིགས་དབྱུག་རྩེད་སྤོ་ལོའི་མཉམ་འབྲེལ་ཆེ་མོའི(MLB)ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་གསོ་སྐྱོང་ལྟེ་གནས་སུ་བདམས་ཐོན་བྱུང་བ་དང་འབྲེལ་ལོ་དྲུག་རིང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཆ་ཚང་ཐོབ་པའི་བོད་རིགས་སློབ་མ་ཐོག་མ་དེ་ཡིན་པས། སློབ་གྲྭ་ཐོན་རྗེས་MLBལ་ལས་ཞུགས་ཐུབ་རྒྱུ་དེ་རང་ཉིད་ཀྱི་གདམ་ག་ཡག་ཤོས་ཤིག་རེད། དེ་མིན། དབྱུག་རྩེད་སྤོ་ལོའི་ཁྱབ་ཁོངས་ནས་ཁ་བྲལ་ནའང་ལག་ཏུ་བཅའ་ཁྲིམས་རིག་པའི་རབ་འབྱམས་པའི་སློབ་གནས་ཡོད་པ་དང་། དབྱིན་ཡིག་རྩོམ་རིག་རབ་འབྱམས་པའི་སློབ་གནས་ཐོབ་པ་དེས་ཀྱང་ཁོང་གྲོང་ཁྱེར་ཆེ་མོར་ལས་ཞུགས་དང་འཚར་ལོངས་ཡོང་བའི་གོ་སྐབས་ཡོད་མོད། འོན་ཀྱང་ཁོང་གིས། ཕ་ཡུལ་དུ་ཕྱིར་ལོག་པ་དང་དབྱུག་རྩེད་སྤོ་ལོ་རྒྱག་རྒྱུའི་གོ་སྐབས་དེ་གདམ་ག་ཡག་ཤོས་ཤིག་ཡིན་ཞེས་བརྗོད།

       དུས་ཡུན་རིང་པོའི་ནང་ཕྱི་རྒྱལ་དུ་སྦྱོང་བརྡར་བྱེད་པའི་གོ་སྐབས་ཐོབ་པ་དེས་དཔལ་ལྡན་པདྨ་ཡི་རྩལ་སྔར་བས་ལེགས་པར་གྱུར་བ་དང་། དེ་སྔ་ཁོང་གི་སྐད་ཆ་འདི་འདྲ་ཞིག་བརྗོད་མྱོང་བ་སྟེ། འཛམ་གླིང་འདིར་གཅེས་སེམས་མཁོ་ལ་དང་མཉམ་སྤྱོད་དེ་བས་གལ་ཆེ། དབྱུག་རྩེད་སྤོ་ལོའི་ལུས་རྩལ་འདི་ལས་ངས་འཛམ་གླིང་ཐོག་མི་ཚང་མས་འབད་པ་ཆེན་པོ་བྱེད་དགོས་པ་ཤེས་བྱུང་ཞེས་བརྗོད། ད་ཆ་མཚོ་ལྷོ་ཁུལ་དུ་བོད་རིགས་ས་ཁུལ་གྱི་ཕྲུ་གུ་མང་པོ་ཞིག་སློབ་ཆུང་ནས་འགོ་བཙུགས་ཏེ་དབྱུག་རྩེད་སྤོ་ལོར་རེག་པ་དང་། དབྱུག་རྩེད་སྤོ་ལོ་ཡང་སློབ་མ་མི་ཉུང་བ་ཞིག་གི་སློབ་རིམ་འཕར་བ་དང་ལས་ཞུགས་བྱེད་པའི་གདམ་ག་ཤིག་ལ་གྱུར་ཡོད། 

       ན་ནིང་སྟོན་དུས་སུ་དཔལ་ལྡན་པདྨ་ཡི་གཏམ་རྒྱུད་གཞིར་བྱས་པའི་༼ངོ་མཚར་ཅན་གྱི་ཨང་9པ་༽ཞེས་པའི་གློག་བརྙན་ཕབ་ལེན་མཇུག་བསྒྲིལ་ཡོད། དཔལ་ལྡན་པདྨ་ཡིས་གློག་བརྙན་བསྟན་རྗེས་རང་ཉིད་ཀྱི་འཚོ་བའི་འགྱུར་ལྡོག་ལ་ཚོད་དཔག་བྱེད་མི་འདོད་ལ། གློག་བརྙན་བལྟ་མཁན་གྱིས་རང་ཉིད་ཀྱི་བྱིས་དུས་འཚོ་བ་དང་བརྒྱུད་མྱོང་བའི་ལོ་ཟླར་ཡིད་སེམས་འགུལ་བའི་མཆི་མ་ཤོར་བ་ཙམ་མིན་པར་དབྱུག་རྩེད་སྤོ་ལོའི་ཡིད་དབང་འགུག་ཤུགས་དང་བློ་གྲོས་ཀྱི་རྩལ་ལ་བསམ་ཤེས་ཐུབ་པའི་རེ་བ་ཡོད། སླད་ཕྱིན་རང་གི་ཕུན་སུམ་ཚོགས་པའི་མྱོང་བས་མི་དེ་ལས་མང་བར་རོགས་རམ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།  

 

 

 

ཡོང་ཁུངས། ཀྲུང་གོའི་ན་གཞོན་ཚགས་པར།

 ཞུ་དག མིག་དམར་རྒྱ་མཚོ།  

ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།

中央广播电视总台 央广网 版权所有

དཔལ་ལྡན་པདྨའི་ངོ་མཚར་ཆེ་བའི་མི་ཚེའི་ལམ་བུ།