རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་བདུན་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་བདུན་པ།
ཟས་རིགས་ཀྱི་དྲན་འཆར།
ཁོང་ཕྱག་ལས་གནང་སྐབས་ལས་སླ་བཅོས་གཏན་ནས་གནང་གི་མེད།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

ལེའང་ཅ་ཧོ་ལ་ཐོག་མར་ཕེབས་པའི་དུས་སུ། ཞི་ཅིན་ཕིང་སོགས་གཞོན་ནུ་ཤེས་ཡོན་ཅན་ཚོས་གཞན་གྱིས་བཟོས་པའི་ཞལ་ལག་རྣམས་མཆོད་དགོས་བྱུང་ཡོད། ཞལ་ལག་ནང་མ་རྨོས་ལོ་ཏོག་གི་མོག་མོག་དང་། སྲན་ཕྱེའི་མོག་མོག་ཡོད། དེ་དག་ཚང་མ་ནི་ཡུལ་མི་ཚོས་དུས་རྒྱུན་བཟའ་མ་ཕོད་པའི་ཞལ་ཟས་ཤ་སྟག་ཡིན། ཞལ་ལག་མཆོད་པའི་དུས་སུ། ཡུལ་མིའི་ཁྱིམ་གྱི་ཕྲུ་གུ་ཚོ་ཟུར་དུ་ལངས་ནས། འགྲམ་ཆུ་ཤོར་གྱིན་ཡོད།

གཞི་རིམ་དུ་ཕེབས་པའི་འཚོ་བ་དང་གཞོན་ནུ་ཤེས་ཡོན་ཅན་ཚོའི་པེ་ཅིང་གི་འཚོ་བའི་བར་ཧེ་བག་ཆེན་པོ་ཡོད། འོན་ཀྱང་ཁོང་རྣམས་ཀྱི་འཚོ་བ་སྔར་བཞིན་ས་གནས་དེ་གའི་མང་ཚོགས་ལས་ལེགས་པ་ཡོད། ལེའང་ཅ་ཧོ་རུ། ཡུལ་མི་རྣམས་ཀྱིས་ལོ་ལྟར་ཐོན་སྐྱེད་བྱས་པའི་འབྲུ་རིགས་ལས་ཕྱེད་ཀ་ལྷག་རྒྱལ་ཁབ་ལ་གོང་འབུལ་ཞུས་ནས། རྒྱལ་ཁབ་ལ་འབྲུ་རིགས་སྤུས་འཚོང་ཞུ་བའི་ལས་འགན་ལེགས་གྲུབ་བྱས་རྗེས། འབྲུ་རིགས་ལྷག་འཕྲོ་རྣམས་ཆ་སྙོམས་ཐོག་ནས་བགོ་བཤའ་རྒྱག་དགོས། དེ་ལྟར་ཟླ་བ་རེར་མི་གཅིག་ལ་ཆ་སྙོམས་འབྲུ་རིགས་རྒྱ་མ་༢༠ཙམ་ལས་མེད། དེ་ནི་གཞོན་ནུ་ཤེས་ཡོན་ཅན་གྱི་འབྲུ་རིགས་ཀྱི་ཕྱེད་ཀ་ཙམ་ཡང་ཟིན་གྱི་མེད། གྲོད་པ་རྒྱག་པའི་ཆེད་དུ། ཡུལ་མི་རྣམས་ཀྱིས་མ་རྨོས་ལོ་ཏོག་གི་མོག་མོག་མངར་མོ་དང་། ཚལ་ཁ་མོ། བྲ་བོའི་ལོ་མ་སོགས་ལ་བརྟེན་ནས་བཀྲེས་ལྟོགས་སེལ་གྱི་ཡོད།

ཞི་ཅིན་ཕིང་གིས་ངལ་རྩོལ་བྱས་མྱོང་པའི་ས་ཆ།

ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་ཡི་དྲོ་སྐྱིད་ཕྱིར་དྲན་གནང་ཞོར་དུ། ང་ལྟོགས་ན། ཡུལ་མི་རྣམས་ཀྱིས་ང་ལ་ཞལ་ཟས་བཟོ་བ་དང་། ངའི་གྱོན་གོས་བཙོག་པ་ཆགས་ན། ཡུལ་མི་རྣམས་ཀྱིས་ང་ལ་བཀྲུ་རོགས་གནང་བ། གོས་ཐུང་རལ་ན། ཡུལ་མི་རྣམས་ཀྱིས་ང་ལ་འཚེམ་རོགས་གནང་གི་ཡོད་ཅེས། ཞི་ཅིན་ཕིང་གིས་རྒྱུན་དུ་ཁོང་ཡོད་སར་བཅར་མཁན་གྱི་ཝང་ཤན་ཕིང་ལ་གསུངས་ཡོད། དྲོ་སྐྱིད་དེས། གཞོན་ནུའི་དུས་ཀྱི་ཞི་ཅིན་ཕིང་ལ་དྲོ་སྐྱིད་བྱུང་ཡོད།

གཞོན་དུས་ཀྱི་ཞི་ཅིན་ཕིང་།

ཁོང་གིས་ཕྱག་ལས་གནང་སྐབས་ལས་སླ་བཅོས་གཏན་ནས་གནང་གི་མེད།

གྲོང་གསེབ་ཀྱི་སྤྱི་ཚོགས་ནི་བབ་ཆགས་ཤིག་ཡིན། གྲོང་གསེབ་ཀྱི་ཀུན་སྤྱོད་དཔྱད་དཔོག་བྱ་རྒྱུའི་ཚད་གཞི་དེ་ཡང་ཧ་ཅང་སྟབས་བདེ་ཞིག་རེད། དཀའ་སྡུག་མྱངས་ཐུབ་པ་དང་། ལས་སླ་བཅོས་མི་བྱེད་པ། མི་དྲང་ཚུགས་ཤིག་ཡིན་ན། མི་རྣམས་ཀྱི་བརྩི་འཇོག་ཐོབ་ཀྱི་ཡོད། མི་རྣམས་ཀྱིས་བལྟས་ན། དཀའ་སྡུག་མྱངས་ཐུབ་ན་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་། ལས་སླ་བཅོས་མི་བྱེད་མཁན་ནི་བློས་འགེལ་ཆོག་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ལེའང་ཅ་ཧོ་རུ། ཞི་ཅིན་ཕིང་གིས་བསྒྲུབས་གནང་བའི་ཕྱག་ལས་མང་ཤོས་ནི་ཆུ་རགས་བརྩིགས་གནང་བ་དེ་རེད། གྲོང་ཚོའི་ནང་ཞིང་ཁ་འདེབས་རྒྱུར་མི་མཁས་པའི་གཞོན་ནུ་སྒྲིག་འཛུགས་བྱས་ཏེ། མི་ཉི་ཤུ་ལྷག་ལས་གྲུབ་པའི་ས་ཞིང་གི་གཞི་རྩའི་འཛུགས་སྐྲུན་རུ་ཁག་གཅིག་བཙུགས་པ་དང་། ཆེད་མངགས་ཆུ་རགས་བརྩིགས་པ་དང་། སྐས་ཞིང་བཟོ་བའི་ལས་འགན་སྒྲུབ་ཀྱི་ཡོད།

ལེའང་ཅ་ཧོའི་སྡོད་ཁང་རྙིང་པ།

ཕྱག་ལས་གནང་བར་མི་སྐྲག་པའི་ཞི་ཅིན་ཕིང་ལ་མི་རྣམས་ཀྱིས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་ཏེ། གཞོན་ནུ་ཡག་པོ་ཞིག་འདུག་ཅེས་བརྗོད་ཀྱི་ཡོད། ལེའང་ཅ་ཧོ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་མ་བྱུང་གོང་། ཞི་ཅིན་ཕིང་གིས་ཡུལ་མི་ཚོ་དང་ལྷན་དུ་ལེའང་ཅ་ཧོ་རུ་ཆུ་རགས་ཁྱོན་བཞི་ཙམ་བརྩིགས་གནང་ཡོད། དེ་སྔའི་རུ་ཁག་དང་པོའི་རུ་དཔོན་ཧྲེ་ཡུས་ཤིང་གིས། སྤྱི་ལོ་༡༩༦༩ལོར། ལེའང་ཅ་ཧོ་ཡི་ས་ཞིང་མུའུ་རེའི་མ་རྨོས་ལོ་ཏོག་གི་ཐོན་འབབ་དེ་རྒྱ་མ་༤༠༠ཡིན། ཆུ་རགས་བརྩིགས་པའི་རྗེས་སུ། མུའུ་རེའི་ཐོན་འབོར་རྒྱ་མ་༨༠༠བར་མང་དུ་ཕྱིན་ཡོད་ཅེས་ཕྱིར་དྲན་གནང་བཞིན་མཆིས།

སྤྱི་ལོ་༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༣ཉིན་ཏེ། ལུགས་རྙིང་ལོའི་ཟླ་བ་༡༢པའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་རླངས་འཁོར་འབྲིང་བ་གསུམ་ལེའང་ཅ་ཧོ་གྲོང་ཚོའི་ཕྱི་རོལ་དུ་བསྡད། རླངས་འཁོར་ཐོག་ནས་མི་ཁ་ཤས་བབས་ཏེ་གོམ་སྟབས་ཡང་པོས་གྲོང་ཚོའི་ནང་བསྐྱོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།