【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ལོ་ངོ་70ཡི་སྤྱི་མཐུན་རྒྱལ་ཁབ་ཀྱི་རླབས་ཆེའི་ལག་ལེན་དངོས་ཞིབ་ཏུ་བརྗོད་པ།
སྤེལ་བའི་དུས་ཚོད། : 2019-05-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བརྗིད་ཆེའི་ལོ་ངོ་70 འབད་འཐབ་ཀྱི་དུས་རབས་གསར་པ་ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་སྤེལ་ཚུན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་གསར་བརྗེའི་གནས་མཆོག་དང་། ཐག་རིང་རི་གྲོང་། ལས་གཞིའི་ལས་ཡུལ་དངོས་སོགས་སུ་གནས་བཅར་རྟོག་ཞིབ་དང་བཅར་འདྲི་བྱེད་པར་ཟབ་སྐྱོད་བྱས་ནས། རྒྱང་སྐྱོད་གསར་པའི་ཐོག་གི་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་གང་ལེགས་ཉམས་ལེན་བྱས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རླབས་ཆེའི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་ཀྱི་གནས་ཚུལ་འགོད་སྤེལ་བྱས་ཡོད་པ་རེད།

ཞི་པེ་ཕོ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་གནས་མཆོག་ཅིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་པེ་ཅིང་དུ་མཐོ་རྒྱུགས་གཏོང་བར་ཡོང་བའི་གོམ་པ་སྤོ་གནས་ཡིན་ལ། བརྗིད་ཆེའི་ལོ་ངོ་70 འབད་འཐབ་ཀྱི་དུས་རབས་གསར་པ་ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས་སའི་ས་ཆ་ཡང་ཡིན། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་ལ་སྐྱོད་པ་དང་། ལོ་རྒྱུས་ཀྱི་སྐད་སྒྲ་འཚོལ་བ་སྟེ། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ལི་ཞིང་ཅན་གྱིས། ཟླ་ཕྱེད་གནས་བཅར་རྟོག་ཞིབ་བྱས་པའི་རིང་། འདི་ག་ནས་དུས་རབས་གསར་པའི་ཡིག་རྒྱུགས་ལ་འགྲོ་བའི་སྙིང་སྟོབས་ཟམ་མི་ཆད་པར་འཚོལ་བ་ཡིན། ང་ཚོས་འགོད་སྤེལ་བྱ་རྒྱུའི་གནས་ཚུལ་ནི་ལོ་ངོ་70ཡི་རིང་ས་གནས་འདི་ནས་འོད་སྣང་འཚེར་ས་འཚོལ་རྒྱུ་དེ་ཡིན་པ་དང་། དུས་རབས་གསར་པའི་དཔེ་མཚོན་རྙེད་པ་བྱ་རྒྱུ་དེ་ཡིན། བྱས་ཙང་ཞི་པེ་ཕོ་ལ་གནས་བཅར་གནས་ཚུལ་སྤེལ་བ་ནི་ལོ་ངོ་བདུན་ཅུའི་གོང་རྒྱུགས་ལེན་ལ་འགྲོ་བའི་སྙིང་སྟོབས་དང་དུས་རབས་གསར་པའི་དབུལ་གྲོལ་ལམ་བུའི་ཐོག་འགྲོ་བའི་སྙིང་སྟོབས་གཉིས་འབྲེལ་མཐུད་བྱ་རྒྱུ་དང་། ལོ་ངོ་བདུན་ཅུའི་གོང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཏང་བཙུགས་ནང་དོན་དང་། དེ་རིང་གི་ཏང་འཛུགས་ཀྱིས་གང་འདྲ་བྱས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པ་གཉིས་འབྲེལ་མཐུད་བྱ་རྒྱུ་དེ་ཡིན་ཞེས་བཤད་ཡོད་པ་རེད།

གཞི་རིམ་མང་ཚོགས་ནང་ཟབ་སྐྱོད་དང་། གྲོང་གསེབ་ལ་ཡུན་རིང་བཅའ་སྡོད་བྱས་པ་སྟེ། གནས་བཅར་གསར་འགོད་པས་ས་གནས་དེ་གའི་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་། མཉམ་དུ་ངལ་རྩོལ་བྱས་ཏེ། ཞི་པེ་ཕོ་ཡི་དབུལ་གྲོལ་ཕྱུག་འགྱུར་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་སྔོག་འདོན་གང་ལེགས་བྱས་ཡོད།

ལི་ཞིང་ཅན་གྱིས། གནས་བཅར་གནས་ཚུལ་འགོད་སྤེལ་ཡིན་ན་ཉིན་རེ་གཉིས་ནང་རྟ་རྒྱུག་ཞོར་ལ་མཛེས་ལྗོངས་ལ་བལྟ་བ་ལྟ་བུའི་བཅར་འདྲི་བྱེད་པ་དང་གཅིག་པ་བྱེད་མི་རུང་། དཔེར་ན་གནས་ཚུལ་སྤེལ་སྐབས་ནན་ཝུན་ཏུའུ་གྲོང་ཚོའི་ཐོན་ལས་དབུལ་སྐྱོར་བཤད་ཚེ་ད་ཆའི་གྲུབ་འབྲས་གསར་པ་དང་འགྱུར་བ་གསར་པ་བཤད་པ་ཕུད། ད་དུང་དེའི་རྒྱབ་ཕྱོགས་ཀྱི་རྒྱུ་རྐྱེན་ཚང་མ་འཚོལ་ཞིབ་བྱེད་དགོས། དཔེར་ན་ལོ་དེར་ཡུལ་མི་རྣམས་ཀྱིས་ས་ཞིང་བསྒྱུར་བཤུག་བྱས་ན་ཞིང་པ་མིན་པའི་དོགས་གནད་གང་འདྲ་བྱས་ཏེ་སེལ་བ་ལྟ་བུ་ང་ཚོས་སྤེལ་བའི་གནས་ཚུལ་ནང་མངོན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

ཁྲོན་བོད་གཞུང་ལམ་ནི་བོད་ལ་དངོས་རྫས་དབོར་འདྲེན་བྱེད་པའི་སྐྱེལ་འདྲེན་ལམ་བུ་གཙོ་བོ་ཞིག་ཡིན་ལ། ཀྲུང་གོའི་ཆེས་གཡང་གཟར་བའི་གཞུང་ལམ་གྱི་གྲས་ཤིག་ཀྱང་ཡིན། ཨར་ལམ་རི་བོ་ནི་ཁྲོན་ནུབ་མཐོ་སྒང་གཞུང་བཅད་བྱེད་པའི་སྲུང་ར་ཞིག་ཡིན། སྤྱི་ལོ་1996ལོར་འཛུགས་སྐྲུན་ལས་འགོ་ཚུགས་པའི་ཨར་ལམ་རི་བོའི་གཞུང་ལམ་གྱི་ཕུག་ལམ་དེ་གས་སྲུབས་ཆེན་པོ་བརྒྱད་དང་། རྡོ་ཞུན་བྲག་ཕུག་དང་ས་འོག་ཆུ་བོ་བཅུ་གྲངས་ཁ་ཤས་བརྒྱུད་དགོས་པས། ཨར་ལས་ཀྱི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་མ་ཟད་ཉེན་ཁ་ཡང་ཆེན་པོ་ཡོད། སྤྱི་ལོ་1999ལོའི་ཟླ་12པར། ཨར་ལམ་རི་བོའི་གཞུང་ལམ་གྱི་ཕུག་ལམ་ལ་རླངས་འཁོར་ཤར་གཏོང་གི་ཚོད་ལྟ་བྱས་ཡོད་པ་དང་། རང་བྱུང་འོབས་ཆེན་ནས་ཤར་བགྲོད་འགྲོ་ལམ་ལ་གྱུར་བ་སྟེ། དེ་སྔོན་རི་བོ་བརྒལ་ནས་ཆུ་ཚོད་བཞི་ལྷག་འགྲོ་དགོས་པ་དང་ཕུག་ལམ་ཤར་གཏོང་ཐུབ་རྗེས་ཆུ་ཚོད་གཅིག་ལས་དགོས་ཀྱི་མེད། འདི་གར་གནས་བཅར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་ལིས་ཀྱིས། ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་དེར་བཅིངས་འགྲོལ་ཐེངས་གཉིས་པ་ཞེས་བརྗོད་ཀྱི་ཡོད། ཨར་ལམ་རི་བོའི་གཞུང་ལམ་སྤྱི་ལོ་1953ལོར་བསྐྲུན་ཚར་ནས་ད་བར་རིམ་སྤོར་བསྒྱུར་བཀོད་ཐེངས་གསུམ་བྱས་ཡོད་པ་དང་། དེས་དེ་སྔོན་རི་བོ་བརྒལ་ནས་ཉིན་ཕྱེད་ལྷག་འགྲོ་དགོས་པའི་ས་ཆར་ད་ཆ་སྐར་མ་10ལ་སླེབས་ཀྱི་ཡོད་པས། ང་ཚོས་མྱོང་ཚོར་ཐུབ་པ་ནི་མགྱོགས་མྱུར་དང་བདེ་འཇགས་ཙམ་མ་ཟད། དེ་བས་གལ་འགངས་ཆེ་བ་ནི་ལམ་དེ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་གྱུར་དབུལ་གྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཞིག་ཡིན་པ་དེ་རེད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།