【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】དྭངས་གཙང་ནུས་ཁུངས་ཀྱིས་མཚོ་སྔོན་དེ་བས་མཛེས་པར་གྱུར་བ།
སྤེལ་བའི་དུས་ཚོད། : 2019-05-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག མཚོ་སྔོན་གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་ནང་བྲེལ་འཚུབ་ཆེན་པོས་ལས་ཀ་བྱེད་བཞིན་པའི་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཉིང་རྡུལ་ལས་གྲྭའི་ཚད་ཡོད་ཀུང་སིའི་ལས་མི་རྣམས་ཀྱིས་ས་མཐོའི་ཉི་འོད་ལ་དགའ་སྐྱོ་གཉིས་ཀའི་རྣམ་འགྱུར་འཛིན་གྱི་ཡོད། ཁོང་ཚོ་རང་ཉིད་ཀྱིས་འཛུགས་སྐྲུན་བྱས་པའི་ཀྲུང་གོའི་ཀོང་ཏུང་རྡུལ་ཉིང་གློག་ཚོགས་པ་ཚད་ཡོད་ཀུང་སིའི་ཀྲའོ་ཝ་ལྔ་བཅུ་ཟིན་པའི་ཚ་འོད་རྣམ་གྲངས་ཀྱི་ཆུ་གཞོང་རྣམ་པའི་ཚ་བསྡུའི་འཕྲུལ་ཆས་སྟར་པ་རེ་རེ་བཞིན་ཁོང་ཚོའི་རྒྱབ་ངོས་སུ་ཉི་མ་མེ་ཏོག་ཉི་མར་ཁ་ཕྱོགས་པ་བཞིན་ཡོད།

རྣམ་གྲངས་ཀྱི་སྤྱི་གཉེར་ལི་ཧུའེ་ཀང་གིས། ཚྭའི་ནང་བཞུར་བ་ལ་བརྟེན་ནས་འོད་དྲོད་ནུས་གསོག་བྱེད་པ་འདི་ནི་གནམ་འཐིབས་ནས་ཆར་པ་འབབ་པའམ་ཡང་ན་མཚན་མོ་གང་ཡིན་རུང་གློག་འདོན་ཐུབ་ཀྱི་ཡོད་པ་རེད། ལས་གཞི་འདིའི་ལོ་རེའི་གློག་འདོན་ཚད་ཏུའུ་དུང་ཕྱུར་གཉིས་ཙམ་ཟིན་གྱི་ཡོད་པ་དེ་མེ་གློག་དང་བསྡུར་ན་ལོ་ལྟར་རྡོ་སོན་ཏུན་དྲུག་ཁྲི་ཙམ་གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐན་འགྱུར་འབུད་བཤངས་བྱེད་ཚད་ཏུན་ཆིག་འབུམ་ཉུང་གཏོང་ཐུབ་ཅིང་། དེ་ནི་ཤིང་འཛུགས་ནགས་བཟོ་མུའུ་༤༢༠༠བྱས་པ་དང་གཅིག་མཚུངས་རེད་ཅེས་བསྟན་ཡོད།

གཏེར་ལེན་ཁར་ལོ་ལྟར་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་༣༥༠༠ཡན་ཟིན་པ་དང་། ལོ་ལྟར་ཆ་སྙོམས་ཉི་མའི་འཕྲོ་འགྱེད་བྱེད་ཚད་སྨི་ངོས་སྙོམས་གྲུ་བཞི་མ་ཀྲའོ་ཅའོ་༧༠༠༠ཟིན་པ་དེ་མིག་སྔར་མིང་དོན་མཚུངས་པའི་ཚ་འོད་ཀྱི་ཡུལ་ལུང་ཞིག་ལ་འགྱུར་བཞིན་ཡོད། ཚ་འོད་ཀྱི་གློག་ཁང་ཆེན་པོ་རེ་རེ་ནི་དམག་སར་དམག་མི་མངགས་པ་དང་འདྲ་ཞིང་། མཆོད་རྟེན་གྱི་རྣམ་པ་དང་། ཆུ་གཞོང་གི་རྣམ་པ། ཕྱེ་མ་ལེབ་ཀྱི་རྣམ་པ་སོགས་སྣ་ཚོགས་ཡོད་ཅིང་། ཚ་སྡུད་ནུས་གསོག་ཐུབ་ནས་རང་རང་གི་ནུས་པ་ཐོན་བཞིན་ཡོད།

མཚོ་སྔོན་ལ་རླུང་དང་འོད། ཆུ་བཅས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཡོད་པས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་སྐྲུན་པར་གཞན་ལ་མེད་པའི་ཁྱད་ཆོས་ལྡན་ཡོད། མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུད་ཀྱི་འགན་འཁུར་བས། མཚོ་སྔོན་འདི་ཉིད་དྭངས་གཙང་ནུས་ཁུངས་འཛད་སྤྱོད་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། སྤྱི་ལོ་2018ལོར་རྫས་འགྱུར་རྡོ་སྣུམ་མིན་པའི་ནུས་ཁུངས་འཛད་སྤྱོད་བྱེད་ཚད་བརྒྱ་ཆ་༤༠རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་༡༤མཐོ་བ་ཡོད། རྒྱུན་མཐུད་ཉིན་དགུའི་རིང་གི་ཆུ་ཚོད་༢༡༦རིང་དྭངས་གཙང་གློག་ཤུགས་འཛད་སྤྱོད་བྱེད་ཚད་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད་པ་རེད། ནུས་པའི་འབྱུང་ཁུངས་གསར་པའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད་ཆན་ཝ་བྱེ་བ་གཅིག་དང་ས་ཡ་གཉིས་དང་ཉིས་འབུམ་ལས་བརྒལ་ཏེ་སྲོལ་རྒྱུན་གྱི་ཆུ་གློག་སྒྲིག་སྦྱོར་ལས་ཐེངས་དང་པོར་བརྒལ་ཡོད། དེའི་ནང་ནས་གཅིག་སྡུད་རང་བཞིན་གྱི་འོད་ཧྥུའུ་གློག་ཁང་གིས་ཆན་ཝ་ས་ཡ་དགུ་དང་ལྔ་འབུམ་དྲུག་ཁྲི་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།

དྭངས་གཙང་ནུས་ཁུངས་བསྡུ་ལེན་དཀའ་བ་དང་ཕྱིར་གཏོང་དཀའ་བ། སྙོམས་སྒྲིག་དཀའ་བ་སོགས་ལ་དམིགས་ནས། མཚོ་སྔོན་གྱིས་ནུས་ཁུངས་གསར་པའི་གློག་གཏོང་ཁེ་ལས་དང་བེད་སྤྱོད་གཏོང་མཁན་ཆེ་གྲས་དབར་ཐད་ཀར་ཉོ་ཚོང་བྱེད་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ནུས་ཁུངས་གསར་པའི་བསྡུ་ལེན་ནུས་པ་གོང་མཐོར་གཏོང་རྒྱུ་དང་། དུས་མཚུངས་ཞིང་ཆེན་གཞན་གྱི་གློག་ཤུགས་ཁྲོམ་ར་རྒྱུན་མཐུད་གསར་གཏོད་བྱེད་རྒྱུ། ན་ནིང་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་བརྒྱ་ཕྱིར་གཏོང་བྱས་པ་དེས་གློག་ཤུགས་ཕྱིར་གཏོང་བྱེད་རྒྱུ་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད། ན་ནིང་ལོ་ཧྲིལ་པོའི་འོད་རླུང་གཉིས་དོར་ཚད་བརྒྱ་ཆ་ལྔ་ལས་དམའ་བ་ཡོད་པ་དང་། ནུས་ཁུངས་གསར་པ་བེད་སྤྱོད་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འཛམ་གླིང་ཐོག་གློག་ཤུགས་གཙང་མ་སྐྱེལ་འདྲེན་བྱེད་པའི་མཚོ་སྔོན་གྱི་མཚོ་ལྷོ་ནས་ཧོ་ནན་གྱི་ཀྲུའུ་མ་ཏན་བར་གྱི་གློག་ལམ་དེ་དུས་སང་དངོས་སུ་བེད་སྤྱོད་བྱེད་རྒྱུ་དང་། མཚོ་སྔོན་གྱི་མཚོ་ལྷོ་ནས་ཧྭ་ཏུང་གི་ཆན་ཧྥུ་1100ཟིན་པའི་ཆེད་མཐོ་གནོན་ཐད་རྒྱུག་ཕྱིར་སྐྱེལ་གློག་ལམ་ལས་འགོ་འཛུགས་གྲབས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།