【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ཁྲང་པེ་རི་བོའི་གཤམ་དུ་ཤང་གྲོང་ཡུལ་སྐོར་གྱི་དར་དམར་འདི་འདྲ་ཞིག་ལྷབ་ལྷུབ་ཏུ་གཡོ་བ།
སྤེལ་བའི་དུས་ཚོད། : 2019-04-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཅི་ལིན་ཞིང་ཆེན་ཡན་པན་ཁོ་རི་ཡ་རིགས་རང་སྐྱོང་ཁུལ་ཨན་ཐུ་རྫོང་དབན་སྦའོ་གྲོང་རྡལ་དར་དམར་གྲོང་ཚོར་ཀྲུང་གོའི་ཁོ་རི་ཡ་རིགས་ཀྱི་གྲོང་ཚོ་དང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་འཚོལ་ཞིབ་དང་འབད་འཐབ་ཟམ་མི་ཆད་པ་བྱས་པ་བརྒྱུད་ལོ་ངོ་༣༠ནང་དར་དམར་གྲོང་ཚོ་དེ་ཉིད་སྤྱིར་བཏང་རྟ་ལམ་ཞིག་ནས་ཁོ་རི་ཡ་རིགས་ཀྱི་དམངས་སྲོལ་ཡུལ་སྐོར་གྱི་ཚབ་མཚོན་དང་ཤང་གྲོང་ཡུལ་སྐོར་གོང་འཕེལ་གཏོང་བའི་དར་དམར་ཞིག་ལ་གོང་འཕེལ་བྱུང་ནས་ཡུལ་སྐོར་བས་ཆ་ཞིག་ལ་གྱུར་ཡོད་པ་རེད།

དར་དམར་གྲོང་ཚོ་ནི་ཡན་པན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཡན་ཇི་གྲོང་ཁྱེར་ནས་ཁྲང་པེ་རི་བོའི་ཕྱོགས་སུ་སྐྱོད་རྒྱུར་བརྒྱུད་དགོས་ངེས་ཀྱི་མིང་ཁྲང་གཞུང་ལམ་འགྲམ་དུ་གནས་ཡོད་པ་དང་གྲོང་ཚོའི་གཞུང་ལམ་གཡས་གཡོན་གཉིས་སུ་སོ་ཕག་དཀར་པོ་ལས་བརྒྱབ་པའི་ཁོ་རི་ཡ་རིགས་ཀྱི་དམངས་ཀྱི་སྡོད་ཁང་བསྟར་པ་སྒྲིག་ནས་ཡོད་པ་དང་གྲོང་ཚོ་ཡོངས་ལ་དུད་ཁྱིམ་༨༦དང་མི་འབོར་༣༢༦ཡོད་ཅིང་མང་ཆེ་བ་ནི་ཁོ་རི་ཡ་རིགས་ཡིན་པ་རེད།

སྤྱི་ལོ་༡༩༨༧ལོར། དར་དམར་གྲོང་ཚོ་ཡོངས་ཆུ་ལོག་གིས་སྣུབ་པ་རེད། སྤྱི་ལོ་༡༩༨༨ལོ་ནས་བཟུང་། གྲོང་མི་ཚོ་ཁག་དབྱེ་ནས་མིང་ཁྲང་གཞུང་ལམ་འགྲམ་དུ་གནས་སྤོ་བྱས་རྗེས་དར་དམར་གྲོང་ཚོས་ཡུལ་སྐོར་བྱ་གཞག་གོང་འཕེལ་ཤུགས་ཆེན་གཏོང་འགོ་བརྩམ་ནས་རི་པེ་རི་བོར་ཡུལ་སྐོར་ལ་འགྲོ་མཁན་གྱི་ངལ་གསོ་རྒྱག་སར་གྱུར་ཡོད།

ད་ཆ། ལྟ་སྐོར་དང་མྱོང་ལེན། དམངས་ཀྱི་སྡོད་ཁང་ནང་སྡོད་པ། ཤིང་འབྲས་འཐུ་བ་སོགས་ཡུལ་སྐོར་རྣམ་གྲངས་རྣམས་གྲོང་མི་ཚོའི་ཞིང་ལས་ཕུད་པའི་ཡོང་བབ་ཡོང་ཁུངས་གཉིས་པར་གྱུར་ཡོད།

གོང་ཏུང་གི་ཡུལ་སྐོར་བ་ཀྲང་ཧེང་ཡོན་ཡུལ་སྐོར་འགྲུལ་བཞུད་ཚོགས་པ་དང་མཉམ་དུ་ཁྲང་པེ་ཧྲན་དུ་སླེབས་སྐབས་དར་དམར་གྲོང་ཚོར་ལྟ་སྐོར་དང་ཟ་ཐུང་ལ་སླེབས་མྱོང་ཡོད། གྲོང་མི་ཆོན་ཡོང་ཇིང་གི་ཁྱིམ་དུ་ཀྲང་ཧེང་ཡོན་གྱིས་ལྷམ་ཕུད་ནས་ཚ་ཐབ་ཐོག་བསྡད་པས་ཡ་མཚན་ཆེན་པོ་བྱུང་ཡོད། ཉིན་དགུང་ཁ་ལག་ཟ་སྐབས་ཀྲང་ཧེང་ཡོན་གྱིས་དམངས་སྲོལ་འཁྲབ་སྟོན་ཚོམ་ཆེན་དུ་ཕྱོགས་གཅིག་ནས་ཁོ་རི་ཡ་རིགས་ཀྱི་བཟའ་བཅའི་བྲོ་བ་མྱོང་ལེན་བྱས་པ་དང་ཕྱོགས་གཞན་ཞིག་ནས་དགའ་འཚོར་ཆེན་པོས་ཁོ་རི་ཡ་རིགས་ཀྱི་གླུ་གར་འཁྲབ་སྟོན་ལ་བལྟས་རྒྱུ་ཡོད་པ་རེད།

ཆོན་ཡོང་ཇིང་གི་ཁྱིམ་ནི་ཡུལ་སྐོར་ཀུང་སིས་གཅིག་འདུས་ཁེ་གཉེར་དོ་དམ་བྱེད་པའི་དམངས་སྡོད་མགྲོན་ཁང་དུད་ཁྱིམ་༣༦གི་གྲས་ཤིག་ཡིན་པ་དང་ཁོང་གིས། དམངས་ཀྱི་སྡོད་ཁང་ལ་ལྟ་སྐོར་བྱས་པ་ཡིན་ན་ཡུལ་སྐོར་ཀུང་སིས་མི་ཐེངས་ལ་གཞིགས་ནས་དངུལ་སྨར་སྤྲོད་ཀྱི་ཡོད་པ་དང་དེ་ནས་ལོ་གཅིག་ལ་ཡོང་སྒོ་སྒོར་༧སྟོང་༨སྟོང་ཡོང་གི་འདུག དེའི་ཁར་གྲོང་མིའི་མགྲོན་ཁང་གི་ཡོང་བབ་སྣོན་པ་ཡིན་ན་ལོ་གཅིག་ལ་ཡོང་བབ་སྒོར་ཁྲི་༡ལྷག་གསོག་ཐུབ་ཀྱི་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་༢༠༡༡ལོར། དར་དམར་གྲོང་ཚོས་ཡུལ་སྐོར་སྣེ་ལེན་སླར་གསོ་བྱས་རྗེས་ལོ་དེ་རང་ལ་ཡུལ་སྐོར་མི་གྲངས་མི་ཐེངས་༡འབུམ་༧ཁྲི་༥སྟོང་ཟིན་པ་དང་སྤྱི་ལོ་༢༠༡༨ལོར། ཡུལ་སྐོར་མི་གྲངས་མི་ཐེངས་༤འབུམ་༥ཁྲི་ཟིན་ཡོད། གྲོང་ཚོའི་ཀྲུའུ་རིན་ཀྲའོ་གྲེ་ཧྥན་གྱིས་གསར་འགོད་པར། ཡུལ་སྐོར་ཀུང་སིས་རླངས་འཁོར་འཇོག་ས་གླ་བ་དང་ཤིང་འབྲས་འཐུ་བ་སོགས་རྣམ་གྲངས་ཀྱི་ཁེ་སྤོགས་བགོས་པ་བརྒྱུད་དར་དམར་གྲོང་ཚོའི་ལོ་རེའི་མཉམ་སྡེབ་ཡོང་བབ་སྒོར་༤འབུམ་ཙམ་ཟིན་གྱི་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།