【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ཤིན་ཅང་ཧྲེ་ཧོ་ཙེའི་བྱེ་ཐང་དུ་གྲོང་གསར་བསྐྲུན་པ།
སྤེལ་བའི་དུས་ཚོད། : 2019-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤིན་ཅང་གི་ཧྲེ་ཧོ་ཙེ་ནི། བྱེ་ཐང་སྟེང་དུ་བསྐྲུན་པའི་གྲོང་ཁྱེར་ཞིག་ཡིན། ལོ་ངོ་༦༠ལྷག་གི་གོང་དུ། ས་རྒོད་སློག་མཁན་འཐབ་འཛིང་པ་དང་འཛུགས་སྐྲུན་མཁན་གིས་མུ་མེད་བྱེ་ཐང་དུ་བསྐྱོད་ནས། སྒེར་སེམས་སྤུ་ཙམ་མེད་པར་ལེགས་སྐྱེས་ཕུལ་བ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་ནས། མི་མེད་ལུང་སྟོང་དེ་ཉིད་སྔོ་ལྗང་ཅན་གྱི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱས་ཡོད། མུ་མེད་ཀྱི་བྱེ་ཐང་དུ། རྔུལ་ཆུ་དང་ཟུང་ཁྲག་ལས་མུ་ཏིག་རྡོག་པོ་གཅིག་ལ་ཕྲ་རྒྱན་བཀོད་ཡོད།

གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་དང་བསྟུན་ནས། ཤིན་ཅང་ཧྲེ་ཧོ་ཙེ་དུ་ཡང་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། གནས་འདི་རུ་ཆགས་པའི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ས་རྒོད་སློག་མཁན་འཐབ་འཛིང་པའི་བཤམས་སྟོན་ཁང་དུ། ཆ་སྙོམས་ལོ་ལྟར་མི་ཐེངས་ལྔ་འབུམ་ལ་ཉེ་བས་བྱེ་ཐང་གྲོང་ཁྱེར་དུ་བསྐྲུན་པའི་ལོ་རྒྱུས་ལ་ཉམས་རོལ་བྱེད་བཞིན་ཡོད།

སྤྱི་ལོ་༡༩༥༠ལོར། སྐབས་དེ་དུས་ཤིན་ཅང་དམག་ཁུལ་ཁང་གི་དམག་སྤྱིའི་ལས་ཚབ་ཡིན་པའི་ཝང་ཀྲེན་གྱིས་དཔུང་སྡེའི་སྣེ་ཁྲིད་ནས་རྟོག་ཞིབ་གནང་བར་ཕེབས་ནས། དམག་སྡེའི་སྡོད་གནས་བཙལ་གནང་ཡོད། ཧྲེ་ཧོ་ཙེ་རུ་སླེབས་དུས། ས་ཆ་དེའི་རྒྱ་རྒྱུད་ནི་ས་འཁོད་སྙོམས་ལ་རྒྱ་ཆེ་བ་དང་། མུའུ་ཁྲི་ཟིན་པའི་ས་ཞིང་རྩེ་གྲ་ཞིག་གསར་སྤེལ་ཐུབ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བས། ས་ཆ་དེ་གར་གྲོང་ཁྱེར་གསར་པ་ཞིག་འཛུགས་རྒྱུའི་བློ་ཐག་བཅད་ཡོད།

མུ་མེད་བྱེ་ཐང་དུ་མདུན་བསྐྱོད་བྱེད་ཅིང་། གྲོང་ཁྱེར་གསར་པར་རྨང་གཞི་བརྟན་པོ་ཞིག་འདིང་ཆེད། ས་རྒོད་སློག་མཁན་དཔུང་སྡེའི་འཐབ་འཛིང་པ་ཚོས་དབྱར་ཚ་བ་ཤིན་ཏུ་ཆེ་བའི་དུས་དང་། དགུན་ཨ་ཧྲང་ད་ཧྲང་སྐབས་སུ། དམག་སྤྱོད་འཇོར་ལ་བརྟེན་ནས་ས་རྒོད་སྦོལ་བ་དང་། ལམ་བུ་བཟོ་བ། ཁང་པ་རྒྱག་པ་བཅས་བྱས་ཡོད། སྐབས་དེ་དུས་ཁོང་རྣམ་པའི་ཉལ་ཁང་ནི་ཐབས་ཆག་དང་བཞའ་ཚན་ཆེ་བ་ཞིག་ཡིན།

རང་སྟོབས་རང་སྤེལ་ཐོག་ནས་དམག་སྡོད་ས་སློག་པ་དང་། རྨང་གཞི་གང་ཡང་མེད་པར་ཁྱིམ་གཞིས་བསྐྲུན་ཡོད། རྒྱལ་ཁབ་བཟོ་ལས་ཅན་ལ་གྱུར་བ་དང་བསྟུན་ནས། འཛུགས་སྐྲུན་པ་རྣམས་ཀྱིས་ཀྱང་ཞིང་སྤྱོད་འཕྲུལ་ཆས་ཆེ་རིགས་བེད་སྤྱད་ནས་རྒྱ་ཆེའི་ས་ཞིང་རྨོ་འདེབས་བྱེད་བཞིན་ཡོད། མཐའ་མཚམས་རོགས་སྐྱོར་གྱི་གཞོན་ནུ་དང་། དམག་ལོག་ལས་སྒྱུར་དམག་མི། ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་པའི་སློབ་མ་བཅས་ཁག་དང་ཁག་བྱས་ནས། རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་ཧྲེ་ཧེ་ཙེ་རུ་ས་རྒོད་སློག་མཁན་གྱི་དཔུང་ཁག་ནང་ཞུགས་པ་དང་། ས་ཆ་འདི་རུ་ས་ཞིང་འདེབས་ཤིང་། བཟོ་གྲྭ་བསྐྲུན་ཡོད། ས་ཁྲའི་སྟེང་དེ་སྔ་མཐོང་མྱོང་མེད་པའི་གྲོང་ཁྱེར་ཞིག ཇུན་གར་གཤོང་སའི་མུ་མེད་བྱེ་ཐང་དུ་བསྐྲུན་ཡོད། དེ་སྔའི་མཐའ་མཚམས་རོགས་སྐྱོར་གྱི་གཞོན་ནུ་པའོ་ཡི་ཧེ་ཡིས། ད་ལྟའི་བར་དུ་ཡང་སྤྱི་ལོ་༡༩༦༥ལོར་དམག་དཔུང་དུ་ཞུགས་པའི་དམག་བསྡུའི་བརྡ་ཐོ་ཉར་ཚགས་བྱས་ཡོད། སྐབས་དེ་དུས་ཁོང་དང་འཐབ་གྲོགས་ཚོས་ཐན་ཅིན་ནས་ཤིན་ཅང་དུ་བསྐྱོད་ནས། ཚེ་ཚང་པོ་གནས་འདི་དང་དམ་དུ་སྦྲེལ་ཡོད།

ད་ཆ། རྒྱལ་གཅེས་ལེགས་སྐྱེས་དང་། དཀའ་སྤྱད་ལས་གཏོད་ཀྱི་དམག་སྡེའི་སྙིང་སྟོབས་ཀྱིས། མི་རབས་གསར་པའི་འཛུགས་སྐྲུན་མཁན་རྣམས་ཀྱིས་མཐའ་མཚམས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད། ལོ་ལྟར། ཧྲེ་ཧོ་ཙེ་སློབ་ཆེན་གྱི་༥༠%ཡན་གྱི་ཕ་ཡུལ་ནང་ས་ནས་ཡིན་པའི་དངོས་གཞིའི་སློབ་མས་ཤིན་ཅང་དུ་ལས་ཀར་ཞུགས་པ་དང་། ནང་སོག་ཁྲེ་ཧྥེང་ནས་ཡིན་པའི་ཝང་ཁྲུན་ལའེ་ནི་སྤྱི་ལོ་༢༠༠༧ལོར་ཧྲེ་ཧོ་ཙེ་སློབ་ཆེན་མཐར་ཕྱིན་པའི་རྗེས་སུ། ཁོང་གི་བཟའ་ཟླ་དང་ལྷག་དུ་དམག་སྡེའི་མདའ་ཤོག་༡༣༣ནང་ལས་ཀར་ཞུགས་ཡོད། ཞིང་བྲེལ་སྐབས་སུ་ཐོན་སྐྱེད་དམ་བཟུང་བྱེད་པ་དང་། ཞིང་དལ་སྐབས་སུ་སྦྱོང་བརྡར་བྱེད་ཀྱི་ཡོད། མཐའ་མཚམས་ཀྱི་གཞི་རིམ་དུ་གནས་བཅའ་བའི་དུས་རབས་གསར་པའི་གཞོན་ནུ་རྣམས། ཤིན་ཅང་བརྟན་བརླིང་དང་ཤིན་ཅང་དར་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།