【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】མྱ་ངམ་ཐང་གི་སློབ་ཆེན།
སྤེལ་བའི་དུས་ཚོད། : 2019-04-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོ་ནི་ཧྲེ་ཧོ་ཙེ་སློབ་ཆེན་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པ་དང་། སློབ་གྲྭའི་ལོ་རྒྱུས་ཁང་དུ་དགུང་ལོ་༨༠ཕེབས་པའི་དགེ་རྒན་ཆེན་མོ་བ་ཚའོ་ལན་ཕུ་ཡིས་སྤྱི་ལོ་༡༩༦༠ལོའི་ཞིང་ལས་སློབ་གླིང་གི་སློབ་མས་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ངལ་རྩོལ་ནང་ཞུགས་པའི་འདྲ་པར་རྙིང་པ་ཞིག་མདུན་དུ་གོམ་པ་སྤོ་མཚམས་འཇོག་གནང་ཡོད་པ་མཐོང་ཡོད། ཁོང་གིས་འདི་ནི་སློབ་མས་སྐབས་དེ་དུས་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་དུས་སུ་ཡིན་པ་དང་། སློབ་མ་རང་ཉིད་ནས་ས་སློག་པ་དང་ཁང་པ་རྒྱག་པ། སློབ་མའི་ཉལ་ཁང་བསྐྲུན་པ་མ་ཟད་ཚལ་དོང་འདྲུ་བ་དང་འཁོར་ཁང་རྒྱག་པ། སློབ་མ་རང་ཉིད་ནས་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་༡༨༠ཟིན་པའི་གནས་སྐབས་ཟ་ཁང་བརྒྱབ་པ་དང་། དེ་ནི་ཟ་ཁང་ཡིན་ལ་ཚོགས་ཁང་ཡང་ཡིན། སྐབས་དེ་དུས་ཀྱི་སློབ་མས་དཀའ་སྡུག་བཟོད་སྲན་ཐུབ་པ་དང་ལས་ཀ་བྱེད་པའི་འཇོན་ནུས་ཆེན་པོ་ཡོད་ཅེས་གསུངས་ཡོད།

ལོ་༥༠ལྷག་གི་གོང་། དགེ་རྒན་ཆེན་མོ་བ་ཚའོ་ལན་ཕུ་དང་པེ་ཅིང་ཞིང་ལས་སློབ་ཆེན་དང་། ལྷོ་ནུབ་ཞིང་ལས་སློབ་གླིང་། ཞེ་ཧོ་སྨན་ཁང་། ཧྥུ་ཏན་སློབ་ཆེན། ཧྭ་ཏུང་དགེ་འོས་སློབ་ཆེན་སོགས་ནང་སའི་མཐོ་རིམ་སློབ་གྲྭའི་དགེ་རྒན་བརྒྱ་ལྷག་ཙམ་གྱིས་འདི་གར་སློབ་ཁྲིད་བྱེད་པར་ཡོང་བ་དང་། མང་པོ་ཞིག་གིས་ཕྱིས་སུ་མཐའ་མཚམས་སུ་གཞིས་ཆགས་ནས་སྡོད་རྒྱུའི་གདམ་ག་བྱས་པ་དང་། ཁོང་ཚོས་དམག་སྡེའི་མཐོ་རིམ་སློབ་གསོར་ཚེ་གང་ལེགས་སྐྱེས་ཕུལ་ཡོད། དགེ་རྒན་ཆེན་མོ་བ་ཚའོ་ལན་ཕུ་ཡིས། ཁོང་ཚོའི་མི་རབས་དེ་ནི་ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་མི་རབས་དང་པོ་དེ་ཡིན། ཁོང་དང་འདྲ་བའི་མི་མང་པོ་ཞིག་སྔ་ས་ནས་སྐུ་གཤེགས་ཟིན་ཞིང་། ཁོང་ཚོས་ཚེ་གང་རིང་ཤིན་ཅང་ལ་རང་ཉིད་ཀྱི་ཐམས་ཅད་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

ད་ཆ་དགེ་རྒན་ཆེན་མོ་བ་ཚའོ་ལགས་ནས་ཐུགས་ཁྲལ་ཆེ་ཤོས་གནང་ས་ནི་མི་མང་པོ་ཞིག་འདི་གར་གཞིས་མི་ཆགས་པའི་འཕེལ་ཕྱོགས་ཆེན་པོ་དེ་ཡིན་པས་དམག་སྡེའི་སྙིང་སྟོབས་སུས་རྒྱུན་འཛིན་བྱེད་མིན་དེ་ཡིན་པ་རེད།

ཧྲེ་ཧོ་ཙེ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ཞང་ཝེར་དགེ་རྒན་ཆེན་མོ་བ་ཚའོ་ལགས་ཀྱི་སེམས་ཁྲལ་ཐད་མྱོང་ཚོར་ཟབ་མོ་ཡོད། སྤྱི་ལོ་༡༩༩༦ལོར་ཁོང་ཉིད་ཧྲེ་ཧོ་ཙེ་སློབ་ཆེན་ནད་ཐོག་གསོ་རིག་ཆེད་ལས་ནས་ཐོན་སྐབས་འཛིན་གྲྭའི་ནང་ཨན་ཧུའེ་ཡི་ཕ་ཡུལ་གཅིག་པའི་སློབ་མ་༦ཡོད་པ་ཚང་མ་ཕ་ཡུལ་དུ་ལོག་ཟིན་ཡོད། སྤྱི་ལོ་༢༠༡༡ལོར། ཝུའུ་ཞང་ཝེ་ཨ་རི་ནས་འཚམས་འདྲིའི་སློབ་སྦྱོང་མཇུག་འགྲིལ་ཏེ་ཕྱིར་ལོག་གནང་ཞིང་རྒྱལ་ནང་གི་གྲགས་ཅན་སློབ་གྲྭ་མང་པོས་ཁོང་ལ་གདན་ཞུའི་རེ་བ་བྱས་ཡོད་པ་རེད། ཆ་རྐྱེན་ལེགས་པའི་སྟེགས་བུ་དང་ཡོང་འབབ་མཐོ་བའི་ཐོབ་ཐང་མདུན་དུ་ཝུའུ་ཞང་ཝེས་མ་ཡུམ་སློབ་གྲྭ་གདམ་ག་གནང་ཡོད། ཁོང་གིས། ཧྲེ་ཧོ་ཙེ་སློབ་ཆེན་གསོ་རིག་སློབ་གླིང་ནི་ང་རང་གསོ་སྐྱོང་བྱེད་ས་ཡིན་པ་དང་ང་རང་གི་ཕ་ཡུལ་གཉིས་པ་ཡིན་ཞེས་བརྗོད་ཆོག ཕྱི་རྒྱལ་དུ་ངའི་ཞིབ་འཇུག་བྱ་ཡུལ་ནི་ཕྲ་ཕུང་ཨ་མ་ཡིན། རྒྱལ་ནང་དུ་ལོག་རྗེས་གཙོ་གནད་ཞིབ་འཇུག་བྱ་ཡུལ་ནི་ཤིན་ཅང་གི་དམིགས་བསལ་ནད་གཞི་ཡིན། ཕྲ་ཕུང་ཨ་མའི་སྔོན་ཐོན་འདུ་ཤེས་མང་པོ་དང་སྔོན་ཐོན་གྱི་ལག་རྩལ་རྣམས་ཐུམ་འབུའི་ནད་བརྟག་བཅོས་ཐད་བེད་སྤྱོད་གཏོང་ཐུབ་ཅིང་དེ་ནི་གསར་སྐྲུན་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

ད་ཆ། ཧྲེ་ཧོ་ཙེ་སློབ་ཆེན་ནི་རྒྱལ་ཁབ་ཀྱི་༢༡༡ལས་གཞིའི་གཙོ་གནད་དུ་འཛུགས་སྐྱོང་བྱེད་པའི་མཐོ་རིམ་སློབ་ཆེན་དང་གཉིས་རྩེར་སོན་འཛུགས་སྐྱོང་བྱེད་པའི་མཐོ་རིམ་སློབ་ཆེན། རྒྱལ་ཁབ་ཀྱི་པུའུ་དང་ཞིང་ཆེན་ནས་མཉམ་སྐྲུན་བྱེད་པའི་མཐོ་རིམ་སློབ་ཆེན་བཅུ་བཞིའི་གྲས་ཤིག་ཀྱང་རེད། འདས་ཟིན་པའི་ལོ་ངོ་༧༠ནང་སློབ་ཐོན་སློབ་མ་ཆིག་འབུམ་གྱིས་ཤིན་ཅང་གི་དམག་སྡེའི་ནང་ལས་ཞུགས་བྱ་རྒྱུ་བདམས་པ་དང་། ཉེ་བའི་ལོ་བཅུའི་རིང་ནང་སའི་སློབ་ཁུངས་ཤིན་ཅང་དུ་སྡོད་ཚད་བརྒྱ་ཆ་༥༠ལས་བརྒལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།