【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ཤིན་ཅང་ཧྲེ་ཧོ་ཙེའི་འཕོ་འགྱུར་སྐོར།
སྤེལ་བའི་དུས་ཚོད། : 2019-04-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ2019ལོའི་ཟླ་4པའི་ཚེས་4ཉིན། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཀྲེ་ཅང་ཉིང་པོ་ནས་སྤྱི་ལེ4000གི་རྒྱང་གིས་ཆོད་པའི་ཤིན་ཅང་ཨུ་ལུམ་ཆིར་བསྐྱོད་པ་དང་། དེ་རྗེས་རླངས་འཁོར་ལ་བསྡད་ནས་ནུབ་ཕྱོགས་སུ་སྤྱི་ལེ150བསྐྱོད་རྗེས། ཐེངས་འདིའི་བཅར་འདྲི་བྱ་ཡུལ་ཤིན་ཅང་ཐོན་སྐྱེད་འཛུགས་བསྐྲུན་དམག་སྡེའི་ཐོན་ཤོག་བཅོ་བརྒྱད་པའི་ཧྲེ་ཧོ་ཙེ་གྲོང་ཚོར་སླེབས་པ་རེད།

ཧྲེ་ཧོ་ཙེ་གྲོང་ཁྱེར་འཆར་འགོད་ཅུས་ཀྱི་འགོ་འཛིན་གཞོན་པ་ཝུ་ཧའོ་ཡིས་ས་ཁྲར་བལྟས་ནས། གནས་འདི་ནི་ཤིན་ཅང་ཐན་ཧྲན་རི་བོའི་བྱང་རྒྱུད་ཀྱི་དུམ་བུ་དཀྱིལ་མར་གནས་པའི་ཧྲེ་ཧོ་ཙེ་གྲོང་ཁྱེར་རེད། དེ་ནི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་དུ་གནས་ཡོད་ལ། ཤིན་ཅང་གི་གལ་ཆེའི་འགག་སྒོ་ཨ་ལ་ཧྲན་གའུ་དང་ཧོར་ཀོ་སེའི་དཀྱིལ་དབུས་ཀྱང་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲེ་ཧོ་ཙེ་དེ་ཐོན་སྐྱེད་ཞབས་ཞུ་རྣམ་པའི་རྒྱལ་ཁབ་ཟོག་འདྲེན་ལྟེ་གནས་གྲོང་ཁྱེར་དུ་གཏན་འཁེལ་བྱས་ཡོད་ཅེས་གསུངས། ཝུ་ཧའོ་ཡིས་གསར་འགོད་པ་སྣེ་ཁྲིད་ནས་ས་ཆ་དངོས་སུ་བརྟག་ཞིབ་ལ་བསྐྱོད། ལོ་32ལ་སླེབས་པའི་ཁོང་ལོ་བཞིའི་གོང་ཧྲེ་ཧོ་ཙེར་ལག་རྩལ་རོགས་སྐྱོར་ལ་སླེབས་པ་དང་། དེ་ནས་དེ་གར་འཚོ་སྡོད་བྱས་ཡོད། ཁོང་གི་དགའ་ཤོས་བྱེད་པའི་ཧྲེ་ཧོ་ཙེའི་དགེ་མཚན་ནི་ཧྲེ་ཧོ་ཙེའི་ཁོག་ཡངས་དེ་ཡིན་པ་རེད།

གྲོང་ཁྱེར་སྐྲུན་ནས་ལོ་ངོ་70ཡང་མ་ཟིན་པའི་ནང་། ཧྲེ་ཧོ་ཙེ་གྲོང་ཁྱེར་གྱི་GDPདང་མི་འབོར་ཚང་མས་ཤིན་ཅང་ཐོན་སྐྱེད་འཛུགས་བསྐྲུན་དམག་སྡེའི་བཞི་ཆ་གཅིག་ཙམ་ཟིན་ཡོད་པ་དང་། དེར་ད་དུང་མ་རྐང་ཁྲོམ་ཞུགས་ཀུང་སི་བཞི་དང་། སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ14ཡོད་པ། རྣམ་པ་གསར་པའི་རྫས་འགྱུར་བཟོ་ལས་དང་། རྒྱུ་ཆ་གསར་པ། འཁེལ་འཐག་སོགས་ནི་བཟོ་ལས་ཀྱི་རྟེན་གཞི་ཡིན་པ། སྲིང་བལ་འདེབས་འཛུགས་ཀྱིས་གཙོ་བོ་བྱས་པའི་དེང་རབས་ཞིང་ལས་ཀྱི་གཞི་ཁྱོན་ཆེན་པོ་ཡོད་པ་རེད།

ན་ནིང་ཧྲེ་ཧོ་ཙེའི་སྲིང་བལ་འདེབས་ཁྱོན་མུའུ་ཁྲི380ཟིན་པ་དང་། དེ་དག་ཁྲོད་མུའུ་ཁྲི300ནི་བྱང་སྐར་ཕྱོགས་སྟོན་གྱིས་འདེབས་འཛུགས་བྱས་པ་དང་། སྟོན་བསྡུའི་འཕྲུལ་བསྡུ་བྱེད་ཚད་ཀྱང་བཅུ་ཆ་བརྒྱད་ལ་ཉེ་བ་ཟིན་པ། ལོ་མང་གོང་སྲིང་བལ་འཐུ་མཁན་མི་ཚོགས་མང་པོ་དེ་འདྲ་ད་ཆ་མཐོང་རྒྱུ་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།