【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ཞི་པའེ་ཕོ་ཡིས་འབད་འཐབ་ལ་བརྟེན་ནས་བདེ་སྐྱིད་བརྩོན་ལེན་བྱས་ཏེ་ལེའུ་གསར་པ་གཏོད་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཐའེ་ཧང་ཧྲན་རི་བོའི་ཕུ་རུ་གནས་པའི་ཞི་པའེ་ཕོ་དེ་ཉིད་དེ་སྔོན་དུས་ཡུན་རིང་པོ་ཞིག་གི་ནང་དབུལ་ཕོངས་ཀྱིས་རྐྱེན་པས་དཀའ་ངལ་ཆེན་པོ་འཕྲད་ཡོད། དེ་གའི་ས་རྒྱུ་དང་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཞན་པོ་ཡོད་པ་རེད། ལོ་ངོ་༧༠འདས་ཟིན་པ་དང་། དེ་སྔའི་ཕྱི་བཀག་ནང་སྡོམ་གྱི་རི་གྲོང་ཆུང་ཆུང་དེས་གསར་གཏོད་བྱེད་ཕོད་པ་དང་། བརྗེ་སྒྱུར་རིམ་སྤོར་བྱས་པས་ལམ་བུ་གསར་པ་ཞིག་འཚོལ་བརྙེད་ཐུབ་ཡོད་པ་རེད།

ཞི་པའེ་ཕོ་མཛེས་ལྗོངས་ཁུལ་དང་བར་ཐག་སྤྱི་ལེ་1གི་སར་གྲལ་སྟར་སྒྲིག་པའི་སྡོད་ཁང་གསར་པའི་ཁྱུ་ཚོགས་ཤིག་ཡོད་པ་དེ་ནི་ལེང་ཅ་ཀའུ་གྲོང་གསར་ཡིན་པ་རེད། རང་ལོ་35ཡིན་པའི་ཆི་ན་ན་ནི་གྲོང་ཚོའི་ནང་གི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ཁག་དང་པོའི་གྲས་ཡིན། དུས་ཆེན་སླེབས་རིན་བཞིན། ཆི་ན་ན་ཡིས་ཞི་པའེ་ཕོ་ནས་ཡུལ་སྐོར་བ་བཅུ་གྲངས་ལ་སྣེ་ལེན་ཞུ་གི་ཡོད། ལེང་ཅ་ཀའུ་རུ་སླེབས་སྐབས། དེ་གའི་གང་སར་མཐོང་རྒྱུ་ཡོད་པའི་རྣམ་པ་གསར་པ་དེས་མི་རྣམས་ལ་མྱོང་ཚོར་ཟབ་ཤོས་འཇོག་གི་ཡོད། ད་ལྟའི་ལེང་ཅ་ཀའུ་ནི་ཡོངས་སུ་བསྐྱར་འཛུགས་བྱས་པ་ཞིག་ཡིན་པ་རེད།

དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུའི་སྐབས། ཆུ་མཛོད་འཛུགས་སྐྲུན་བྱ་རྒྱུའི་དགོས་མཁོས་རྐྱེན་པས། དེ་གར་གནས་སྤོས་བྱས་པ་དང་། ཆ་སྙོམས་མི་རེར་སྐམ་ཞིང་སྐར་མ་གསུམ་རེ་ལས་ལྷག་མེད་པ་དང་། ཟས་གོས་གནས་ཚུལ་ཡང་དཀའ་ཚེགས་ཤིག་ཏུ་ཆེ་བས། གྲོང་ཚོའི་རྣམ་པ་ནི་དེ་བས་གླེང་ཐབས་བྲལ་བ་ཞིག་ཡིན། རྗེས་སུ། གྲོང་ཚོའི་ཉེ་འཁོར་དུ་ཞི་པའེ་ཕོ་མཛེས་ལྗོངས་ཁུལ་བསྐྲུན་ཡོད། འོན་ཀྱང་ལེང་ཅ་ཀའུ་ཡི་གྲོང་ཚོའི་ཁོར་ཡུག་ཞན་པའི་དབང་གིས་ཡུལ་སྐོར་བ་ཚོས་དེར་གཡོལ་ནས་འགྲོ་གི་ཡོད། དབུལ་ཕོངས་ཡིན་ན་བསམ་བློར་འགྱུར་ལྡོག་གཏོང་དགོས། སྤྱི་ལོ་2009ལོར། ལེང་ཅ་ཀའུ་གྲོང་ཚོས་གྲོང་ཚོ་རྙིང་པ་བཤིགས་ནས་གྲོང་ཚོ་གསར་པ་བསྐྲུན་རྒྱུའི་གཏན་འཁེལ་བྱས་པ་དང་། ཆེད་ལས་སྡེ་ཁག་གདན་འདྲེན་ཞུས་ནས་འཆར་འགོད་བྱས་ཏེ་གྲོང་ཚོ་གསར་འཛུགས་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ལེའང་ཅ་ཀའུ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་གོང་འཕེལ་ལ་སྲིད་གཞུང་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། སྤྱི་ལོ་2014ལོར་སླེབས་སྐབས། ལེའང་ཅ་ཀའུ་གྲོང་ཚོ་གསར་པ་ཞིག་ད་ལྟ་པའེ་ཕོ་ལིང་རི་བོའི་གཤམ་འོག་ཏུ་ཆགས་ཡོད་པ་དང་། ཡུལ་སྐོར་བ་མང་པོ་ཡིད་འགུག་བྱེད་བཞིན་ཡོད། གྲོང་ཚོའི་ཏང་ཀྲེ་པུའུ་ཡིས་འཕེལ་ཕྱོགས་ལ་བརྟེན་ནས། གྲོང་མི་ཚོར་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་ཁྲིད་སྟོན་བྱས་ཡོུད། ཡིན་ནའང་ཡུལ་སྐོར་བ་ཚོ་དངོས་སུ་ཁྱིམ་ཚང་མགྲོན་ཁང་ནང་བསུ་བ་ཞུ་སྐབས། སྡོད་ཁང་གི་ཆ་རྐྱེན་དང་བཟའ་འཐུང་ཆུ་ཚད་གོང་མཐོར་ཕྱིན་མེད་པས། ཡུལ་སྐོར་བ་ཚོས་དེར་སྡོད་ཀྱི་མེད་པ་རེད། སྤྱི་ལོ་2016ལོར། ལེའང་ཅ་ཀའུ་གྲོང་ཚོའི་ཏང་ཀྲེ་པུའུ་ཡིས་ཡུལ་སྐོར་ཞབས་ཞུ་རིམ་འཕར་ལ་སྐུལ་འདེད་བཏང་བ་དང་། ཁོང་ཚོས་ཁྱིམ་ཚང་མགྲོན་ཁང་གི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་ཡོད་ཅིང་། དེ་ནི་ཕིང་ཧྲན་རྫོང་ཡོངས་སུ་ཨང་དང་པོ་ཡིན་པ་རེད། ལེའང་ཅ་ཀའུ་གྲོང་ཚོས་སྔ་རྗེས་སུ་གྲོང་མི་ཚོ་ཕྱིར་ཁྱིམ་ཚང་མགྲོན་ཁང་རྩེ་གྲར་རྟོག་ཞིབ་བྱེད་པར་སྐྱོད་པའི་སྒྲིག་འཛུགས་ཐེངས་30ལྷག་བྱས་ནས། གཞན་གྱི་ཞབས་ཞུ་སློབ་སྦྱོང་བྱས་ཡོད། ཆི་ན་ན་སོགས་དཔེ་སྟོན་ཁྱིམ་དུད་གསུམ་གྱིས་སྣེ་ཁྲིད་ནས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་གི་ཚད་གཞི་ལེགས་བཅོས་བྱས་ཡོད་ཅིང་། ཁྱིམ་ཚང་རེར་གྲོང་ཚོའི་ནང་གི་བྱ་དགའ་སྒོར་ཁྲི་3རགས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཏོན་ཡོད་པ་དང་། གྲོང་གསེབ་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བྱས་ཡོད་པ་རེད། སྤྱི་ལོ་2018ལོར་ལེའང་ཅ་ཀོའུ་ཡིས་གྲོང་ཚོ་རྙིང་པའི་ས་ཆ་སྤྱད་དེ་མ་རྐང་ནང་ཞུགས་པ་དང་། ཀུང་སི་ཞིག་ནང་འདྲེན་བྱས་ནས་ཤི་པའེ་ཕོ་གསར་བརྗེའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱས་པས་ལོ་རེར་གྲོང་ཚོར་མ་མཐའི་ཡོང་འབབ་སྒོར་ས་ཡ་གཉིས་ཡོང་གི་ཡོད་པ་དང་། གྲོང་མི་ཚོར་ཐོབ་ཆ་བགོ་སྐལ་བྱེད་ཀྱི་ཡོད་པ་རེད། ད་ཆ་གྲོང་ཚོ་ཡོངས་ཀྱི་བརྒྱ་ཆ་70ཡས་མས་ཀྱི་གྲོང་མིས་ཡུལ་སྐོར་ཞབས་ཞུ་བསྒྲུབ་བཞིན་པ་དང་། ཅི་ན་ན་ཡི་བཟའ་ཟླ་ནི་མཛེས་ལྗོངས་ཁུལ་དུ་སྤྲོ་འཆམ་རླང་འཁོར་གཏོང་མཁན་ཁ་ལོ་བ་ཞིག་ཡིན་པ་རེད།
གྲོང་གསེབ་དར་རྒྱས་དང་ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གཙོ་གནད་ཡིན་པ་རེད། ལེའང་ཅ་ཀོའུ་དང་གྲོང་པ་ཁྱིམ་མཚེས་སུ་གྱུར་བའི་པའེ་ཀྲོང་གྲོང་ཚོས་ཀྱང་ད་ལོ་གསར་བརྗེའི་ལོ་རྒྱུས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་གཏོད་རྩིས་ཡོད་པ་རེད།

ཤི་པའེ་ཕོ་ནས་ལེའང་ཅ་ཀོའུ་བར་དང་དེ་ནས་སླར་ཡང་པའེ་ཀྲོང་གྲོང་ཚོ་བར། རི་ཁུལ་གྱི་གྲོང་ཚོ་ཆུང་ངུ་ཁག་ཅིག་གིས་གསར་བརྗེའི་ཡུལ་སྐོར་དང་གྲོང་ཚོའི་ཁྱད་ལྡན་ལ་བརྟེན་ནས་སྔ་རྗེས་སུ་དབུལ་གྲོལ་ཐུབ་ཡོད་པ་རེད། ན་ནིང་ཕིང་ཧྲན་རྫོང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་129ཟིན་པ་དང་། ཞིང་པ་མི་རེའི་བཀོད་སྤྱོད་ཆོག་པའི་ཡོང་འབབ་སྒོར་8982ཟིན་པས་རྫོང་ཡོངས་ཀྱིས་ལོ་ངོ་32གྱོན་པའི་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།