མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>ངོ་མཚར་བའི་རིག་གནས།
༄༅།།སྨན་གླིང་དང་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོའི་གཏམ་རྒྱུད།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྨན་གླིང་གི་མཛེས་ལྗོངས།

ཀོང་ཡུལ་སྨན་གླིང་ཞེས་པའི་སའི་ཆ་ནི། ཆར་ཆུ་མོད་ཅིང་རྣམ་པ་མང་པའི་ནམ་ཟླའི་རང་བྱུང་ཆ་རྐྱེན་འོག རི་སྐྱེས་ཀྱི་སྨན་སྣའི་སྐྱེས་འཚར་དང་ཁྱབ་པ་ལ་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་པ་རེད། སྨན་གླིང་དུ་སྐྱེ་དངོས་རིགས་༣༧༦༨ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་སྨན་སྤྱོད་སྐྱེ་དངོས་ནི་རིགས་སྟོང་གཅིག་ལས་བརྒལ་བ་ཡོད། དེ་དག་ནི་བྲག་མགོ་དང་ལམ་འགྲམ། རྡོ་བར་དང་ནགས་ཁྲོད། ཆུ་ཕྲན་གྱི་འགྲམ་ངོགས་སོགས་ཕྱོགས་ཀུན་ནས་མཐོང་ཐུབ་ཅིང་། དབྱར་རྩྭ་དགུན་འབུ། སྙི་བ། སྡོང་ཕུང་། པ་ཡག ཀླུ་བདུད་རྡོ་རྗེ། དབང་ལག། ཀོ་ཤ།སྲོ་ལོ་དམར་པོ། ལྕ་བ། མུ་ཏིག་བདུན། རྡོག་བདུན། འགན་བཅོལ་ནང་སོ་བདུན་པ། རྒྱ་རྩི་དུག་ལོ། ཤིང་པད་མ་སེར་པོ། གངས་ལྷ་མེ་ཏོག་སོགས་སྨན་སྣ་རྩ་ཆེན་ཡོད་པ། སྨན་སྣའི་མཛོད་ཁང་ཆེན་མོ་རུ་འབོད་ཆོག། སྨན་གླིང་ནི་ཡོང་གྲགས་སུ་བོད་སྨན་གྱི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས་སྨན་རྩྭ་འཐུ་ཡུལ་དང་སྨན་རྫས་བཟོ་ཡུལ། སྨན་བཅོས་བྱེད་ཡུལ། སློབ་མ་བསྐྱངས་ཡུལ། བརྩམས་ཆོས་རྩོམ་ཡུལ་བཅས་ཡིན་ལ། བོད་སྨན་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན།

སྨན་གླིང་གི་མཛེས་ལྗོངས།

བོད་ཀྱི་ལོ་རྒྱུས་དཔེ་ཆ་གཡུ་ཡི་ཕྲེང་བ་རུ་བཀོད་པ་ལྟར་ན། གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་ནི་ལྷ་སའི་སྟོད་ལུང་བདེ་ཆེན་གྱི་སྨན་རིགས་ལ་མཁས་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་པ་དང་། མེས་པོ་ནས་ཕའི་རིང་མི་རབས་གསུམ་ལ་བོད་རྒྱལ་རབས་ཀྱི་གོང་མའི་ལྷ་རྗེ་ཡིན་ཞིང་། ཁོང་ནི་དགུང་ལོ་བཅུའི་ཐོག་གོང་མའི་ལྷ་རྗེ་རུ་གྱུར་བ་རེད། ཁོང་གིས་ལོ་ན་གཞོན་དུས་ནས་བཟུང་གསོ་རིག་ཕྱོགས་ཀྱི་ལྷན་སྐྱེས་ཀྱི་ཤེས་རབ་དང་ནུས་པ་མངོན་པས། འཕགས་ཡུལ་དུ་ཐེངས་གསུམ་ལ་སློབ་གཉེར་དུ་ཕེབས། བོད་ཡུལ་དུ་ལོག་རྗེས་ནད་གསོ་བ་དང་བུ་སློབ་སྐྱོང་བའི་ལས་ལ་འབད་པས། བྱས་རྗེས་ཤིན་ཏུ་ཆེ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་ཁོང་གི་བྱས་རྗེས་ལ་གཟེངས་བསྟོད་ཀྱི་ཆེད་དུ། དྭགས་པོ་དང་། ཀོང་པོ། འཁྱུངས་པོ་ས་ཆ་གསུམ་གནང་བ་དང་། དེ་ལས་ཀོང་པོ་སྨན་གླིང་ས་ཆ་ནི་ད་ལྟའི་སྨན་གླིང་རྫོང་ཁོངས་ཡིན་ཞིང་། སྨན་སྣ་ཕུན་སུམ་ཚོགས་པ་འཛོམས་པས་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཆེ།

སྨན་གླིང་གི་མཛེས་ལྗོངས།

སྤྱི་ལོ་༧༦༥ལོར་གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་སློབ་བུ་བདེ་པ་དཔལ་དང་ལྷན་དུ་སྨན་གླིང་བཀྲ་མགོན་ལུང་བར་ཕེབས་ཤིང་། གསོ་རིགས་ཀྱི་དགོན་པ་ཞིག་ཕྱག་བཏབ་སྟེ། སློབ་མ་སུམ་བརྒྱ་བསྡུས་པ་དང་། སློབ་ཁྲིད་ཀྱི་བཀོད་སྒྲིག་དང་སློབ་གཞི་སོགས་ཚགས་དམ་པ་བཟོས། གཙོ་བོ་རང་ཉིད་ཀྱིས་མཛད་པའི་སྨན་གཞུང་དང་། གཞན་རྒྱ་གར་ནག་དང་བོད་རང་གི་གསོ་རིག་གཞུང་ལུགས་སོགས་དཔེ་ཁྲིད་གནང་པ་རེད། ད་རུང་སློབ་མ་རྣམས་ལག་ལེན་ཁྲོད་དུ་ཞུགས་སུ་བཅུག་པས་སློབ་གསོའི་ལམ་ལུགས་ཅུང་ཆ་ཚང་བ་ཞིག་ཏུ་ཆགས་དང་། བོད་ཡུལ་ལ་སྨན་ལ་མཁས་པའི་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད། སྨན་གླིང་དུ་སྨན་དཔྱད་དང་སློབ་བུ་སྐྱོང་བའི་སྐབས་སུ་སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ་པའི་བོད་སྨན་གྱི་གསུང་རྩོམ་ཆེན་མོ་གསོ་རིག་རྒྱུད་བཞི་མཛད་པ་དང་། བོད་སྨན་དང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འཐུས་ཚང་དུ་བཏང་བས། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་འདིང་མཁན་དང་ཤིང་རྟ་བ་ཆེན་པོར་གྱུར། རྗེས་རབས་པ་ཚོས་སྨན་རྒྱལ་དུ་འབོད་པའོ། །

རྩོམ་སྒྲིག་པ་དང་པར་བ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号