མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>ངོ་མཚར་བའི་རིག་གནས།
༄༅།།སྤུ་རྒྱལ་བཙན་པོའི་འཁྲུངས་ཡུལ་ནས་གྲགས་པའི་གནའ་བོའི་མགྲིན་དབྱངས།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འཁྱགས་རོམ་གྱི་ཕ་ས་སྤོ་བོ་རྫོང་གྲོང་གི་ཟུར་ཞིག

མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ནི་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་རིག་གནས་བང་མཛོད་ལ་ཕུལ་བའི་ལེགས་སྐྱེས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀུན་ཏུ་མེ་ལས་འབར་ཆེ་ཞིང་ཆུ་ལས་རླབས་ཆེ་བའི་སྲུང་སྐྱོང་ལས་དོན་རབ་དང་རིམ་པ་སྤེལ་བཞིན་ཡོད་ལ་དེ་བསྟུན་གྱི་མིག་མཐོང་ལག་འཛིན་ཐུབ་པའི་གྲུབ་འབྲས་ཀྱང་འཛམ་གླིང་སྐྱེ་བོའི་འདྲེན་བྱེད་བུང་བའི་དགའ་ཚལ་དུ་བཤམས་ཡོད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ཡང་སྤྱི་ལོ་༢༠༠༧ལོའི་ཟླ་བ་དང་པོ་ནས་ལས་འགོ་བཙུགས་ཤིང་། མིག་སྔའི་བར་རྫོང་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག་ཁུངས་སྣེ་༡༠༠ལྷག་ཙམ་འཚོལ་རྙེད་ཐུབ་པ་དང་། རྣམ་གྲངས་༣༠ཙམ་ལ་ཞིབ་བཤེར་བྱས་པ་བརྒྱུད་དེའི་ཁྲོད་ནས་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་༡༤ཚུད་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་༩ཚུད་ཡོད།

སྤོ་དབྱངས་རྒྱུད་འཛིན་པ་གཡང་འཛོམས་ལ་བཅར་འདྲི་ཞུ་བཞིན་པ།

ལོ་ན་སུམ་ཅུ་ཙམ་ལ་སོན་པའི་སྤོ་བོ་རྫོང་གི་གྲོང་མི་གཡང་འཛོམས་ནི་རང་སྐྱོང་ལྗོངས་རིམ་པའི་སྤོ་དབྱངས་ཀྱི་རྒྱུད་འཛིན་པ་ཡིན་ཞིང་། ཆུང་བྱིས་པའི་དུས་ནས་དམངས་ཁྲོད་གླུ་གཞས་ལ་དགའ་བའི་བུད་མེད་ཅིག་ཡིན་ཞིང་། རང་ཉིད་སྤོ་དབྱངས་ཀྱི་རིག་གནས་དེར་དགའ་ཞེན་ཡོད་པའི་ཁར་རང་ཉིད་ཀྱི་ཨ་མའི་མཐུན་རྐྱེན་བཟང་པོའི་འོག་སྤོ་དབྱངས་ཐད་བྱང་ཆུབ་པ་ཞིག་ཏུ་གྱུར་བ་མ་ཟད་རང་སྐྱོང་ལྗོངས་རིམ་པའི་སྤོ་དབྱངས་ཀྱི་རྒྱུད་འཛིན་པར་གྱུར་བ་དང་། མིག་སྔར་སློབ་ཆུང་ཁག་ཏུ་སྤོ་དབྱངས་སློབ་ཁྲིད་བྱེད་པར་བསྐྱོད་བཞིན་ཡོད་པ་མ་ཟད་རང་རྫོང་ཁོངས་ཀྱི་རྒན་རབས་ཚོའི་ས་ནས་སྤོ་དབྱངས་ཀྱི་རིག་གནས་བུམ་པ་གང་བྱོའི་ཚུལ་དུ་སྦྱོང་བཞིན་ཡོད་པས་སྤོ་དབྱངས་ཀྱི་མགྲིན་པའི་རྫ་རྔ་སྤོ་བོ་ཡུལ་གྱི་རི་ཀླུང་ཀུན་ཏུ་ལྷང་ལྷང་དུ་གྲགས་བཞིན་པ་ལགས།

སྤོ་བོ་རྫོང་ཁོངས་སམ་སྤོ་ཡུལ་དུ་གླུ་གར་དར་ཁྱབ་ཆེ་ཞིང་། དམངས་ཁྲོད་ཀྱི་བྲོ་གར་གླུ་ལ་སོགས་པའི་རྣམ་གྲངས་མང་ལ་ནང་དོན་ཕུན་སུམ་ཚོགས་པ། ལྷག་པར་དུ་ས་ཁུལ་གྱི་ཁྱད་ཆོས་མཚོན་པ་ཧ་ཅང་ཕོན་ཆེན་ཡོད། དཔེར་ན་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་པའི་འཚོ་བའི་གླུ་གཞས་དང་། དྭངས་གཙང་ལྷད་མེད་ཀྱི་ཕོ་མོའི་དུང་སེམས་མཚོན་བྱེད་ཀྱི་མཛའ་གླུ། རང་མི་རིགས་ཀྱི་ལོ་རྒྱུས་ཤོད་སྲོལ་མཚོན་པའི་གླུ་གཞས། བཀྲ་ཤིས་རྟེན་འབྲེལ་བྱ་བའི་རིགས་ཀྱི་གླུ་གཞས། ལས་ལ་བརྩོན་པའི་ངལ་རྩོལ་གྱི་གླུ་གཞས། དེ་བཞིན་བྱིས་པའི་གླུ་གཞས་དང་། རྦད་ཤགས། དམངས་གཞས་གསར་པ་སོགས་ཡོད། དམངས་གཞས་དེ་དག་གི་ཐོག་ནས་མི་རིགས་ཤིག་གི་ཡུལ་གོམས་གཤིས་ལུགས་དང་བསམ་པའི་ཁྱེར་སོ་སོགས་གསལ་པོར་མཚོན་ཐུབ་ལ། མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་ཁྱད་ཡོན་ཡང་མངོན་ཡོད།

གསར་འགོད་པ། བསྟན་འཛིན་དབང་ཕྱུག་དང་མིག་དམར་རྒྱ་མཚོ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号