མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>ངོ་མཚར་བའི་རིག་གནས།
༄༅།།ལྷོ་པའི་རིག་གནས་མཚོན་པའི་ཁང་བཟང་།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རང་ཁྱིམ་གྱི་སྒོ་འགྲམ་ནས་འབྱོར་འབྲིང་གི་ལམ་བུ་བཤངས་བཞིན་པའི་ལྷོ་པའི་གཞོན་ནུ་མ།

སྤྱི་ཟླ་ལྔ་པའི་ཚེས་༡༣ཉིན། ཀོང་ཡུལ་ཉིང་ཁྲི་འགྲིམ། དག་པའི་ཞིང་ཁམས་མྱོང་ཞེས་པའི་བཅར་འདྲི་ཚོགས་པ་ཀོང་ཡུལ་སྨན་གླིང་གནས་ཡུལ་ལྷོ་པ་མི་རིགས་ཤང་དུ་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན། ཉིང་ཁྲི་གྲོང་ཁྱེར་ནས་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་ཕྱིན་རྗེས་ང་ཚོ་སྨན་གླིང་རྗོང་དུ་འབྱོར་བྱུང་། ཀུན་གྱིས་མཁྱེན་གསལ་ལྟར། སྨན་གླིང་ཞེས་པ་ནི་ཡུལ་འདིར་སྨན་རྩྭ་ཕུན་སུམ་ཚོགས་པས་མིང་དེ་ལྟར་ཐོགས། གནས་དེར་ཆར་ཆུ་འབེལ་བ་དང་། གནམ་གཤིས་དྲོ་གྲང་སྙོམས་པས་རང་བྱུང་བཀོད་པ་ཤིན་ཏུ་མཛེས་ལ་རྩི་ཤིང་སྣ་ཚོགས་སྐྱེ་འཚར་ཡོང་རྒྱུར་རང་བཞིན་གྱི་ཁོར་ཡུག་ཅིག་ཆགས་འདུག བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྨན་གླིང་རྫོང་ཁོངས་སུ་རྩི་ཤིང་སྣེ་རིགས་༣༧༦༨ཙམ་ཡོད་པ་དང་། དེ་དག་ཁྲོད་སྨན་རྫས་སུ་བཀོལ་བའི་སྔོ་སྨན་རིགས་ཆིག་སྟོང་ལྷག་ཙམ་ཡོད། སྨན་རྩྭ་དེ་དག་གནས་ཡུལ་དུ་བསྐྱོད་པའི་ལམ་འགྲམ་དང་། ནགས་ཁུལ། ཆུ་བོ་རྒྱུག་ཁུལ་ལ་སོགས་གང་སར་སྐྱེ་བཞིན་ཡོད་པ་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་འདུག ཕུན་སུམ་ཚོགས་པའི་ཐོན་ཁུངས་དེ་དག་ཡུལ་དེའི་ལྷོ་པའི་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་ཀ་རྟེན་དུ་གྱུར་འདུག དེའི་ནང་ནས་དབྱར་རྩྭ་དགུ་འབུ་དེ་ཁོང་ཚོའི་ཡོང་འབབ་ཀྱི་འབྱུང་ཁུངས་གལ་ཆེན་གྲས་ཤིག་ཡིན་ཞིང་། ཉེ་དུས་ཏག་ཏག་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཡིན་པས་གཞོན་སྐྱེས་མང་པོ་ཞིག་རི་འགོར་དབྱར་རྩྭ་དགུན་འབུ་འཐུ་བར་སོང་བ་དང་། བུད་མེད་ཁག་ཅིག་སྲོལ་རྒྱུན་གྱི་འཐག་ལས་མཉམ་ལས་ཁང་དུ་འཐག་ལས་ལ་བྲེལ་བཞིན་འདུག ལྷོ་པའི་བུད་མེད་ཡ་དབྱིས་ང་ཚོར་ཞིང་དལ་སྐབས་སུ་ཁོང་ཚོ་མཉམ་ལས་ཁང་དུ་འཐག་ལས་བྱེད་པར་ཡོང་གི་ཡོད། འཐག་ལས་བྱེད་པར་ཡོང་ཚེ་ཟླ་བ་རེར་ཡོང་འབབ་སྒོར་སུམ་སྟོང་ཙམ་རག་གི་འདུག་ཅེས་བཤད་བྱུང་།

གསར་འགོད་པས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུ་བཞིན་པ།

གསར་འགོད་པས་འཐག་ལས་རྒྱུན་འཛིན་པར་བཅར་འདྲི་ཞུ་བཞིན་པ།

གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་བཏང་བ་ཕུད། ད་དུང་ཡུལ་སྐོར་རིག་གནས་གོང་འཕེལ་གཏོང་རྒྱུར་ཡང་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་དང་། མཛེས་ལྗོངས་ཁུལ་དང་རིག་གནས་མྱོང་རོལ་ཁུལ་གང་དུ་སླེབས་ཀྱང་ཡུལ་དེའི་མང་ཚོགས་ཁག་ཅིག་གིས་ཡུལ་ཐོན་དངོས་ཟོག་འཚོང་བ་དང་ཁག་ཅིག་གིས་ཟ་ཁང་བཙུགས་པ་ལ་སོགས་གང་སར་མཐོང་རྒྱུ་འདུག

གནམ་སའི་བར་ནས་འཚེར་བའི་ཁྱུང་གླིང་གི་རང་བྱུང་ཉམས་སྣང་།

སྨན་གླིང་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་གཡུང་དྲུང་དཔལ་ལྡན་གྱིས་གོང་རིམ་གྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ཕྱིན་ཆད་མུ་མཐུད་དེ་གནས་ཡུལ་ལྷོ་པ་མི་རིགས་ཤང་གིས་ཡུལ་སྐོར་རིག་གནས་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ། ཁྱད་ལྡན་ཐོན་རྫས་ལ་སོགས་གོང་འཕེལ་བཏང་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ལོ་༢༠༡༨ལོར་སྔ་སྣུར་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

གསར་འགོད་པ། མིག་དམར་རྒྱ་མཚོ། བསྟན་འཛིན་དབང་ཕྱུག

པར་བ། སྒྲོལ་ཚེ། 

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号