མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>གཡུ་ལོས་བཀོད་པའི་ཞིང་ཁམས།
༄༅།།མེ་ཏོག་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་པ།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྨུག་སྤྲིན་ཀློང་གི་མེ་ཏོག་རྫོང་།

མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོའི་ཕྱོགས་སུ་ཡོད་ལ། ནང་ཆོས་ཀྱི་གསུང་རབ་ཁྲོད་དུ་སྦས་ཡུལ་པད་མ་བཀོད་ཅེས་བྲིས་ཡོད། ཡར་ཀླུངས་གཙང་བོའི་སྨད་རྒྱུན་དུ་ཆགས་ཤིང་། གངས་མཐོན་པོ་གནམ་ལྕགས་ཕུར་བ་ཡང་མེ་ཏོག་རྫོང་ཁོངས་སུ་ཡོད། མེ་ཏོག་གི་རང་བྱུང་ཁོར་ཡུག་ཤིན་ཏུ་མཛེས་པ་དང་། སྲོག་ཆགས་དང་རྩི་ཤིང་རིགས་མོད་པོ་ཡོད། དུས་ཚིགས་བཞི་ནི་དཔྱིད་དང་འདྲ་ལ་གདོད་མའི་རིག་གནས་ཀྱི་མཁའ་དབུགས་སྟུག་པས་ཤར་ལྷོ་ནུབ་བྱང་ནས་ཕེབས་པའི་ཡུལ་སྐོར་བ་དག་ལ་མཚོན་ན་ཀོང་པོའི་ཡུལ་དུ་ཐོན་ནས་མེ་ཏོག་ཏུ་མ་སོང་ན་ཡིད་ཚིམ་མི་སྲིད།

མེ་ཏོག་ལ་འགྲོ་བའི་ཟམ་ཆེན་འཛུགས་སྐྲུན་བྱེད་བཞིན་པ།

སྤྱི་ལོ་༢༠༡༣ལོའི་ཟླ་༡༠པར། མེ་ཏོག་རྫོང་གི་ལམ་ཐིག་ཧྲིལ་བོར་དངོས་སུ་རླངས་འཁོར་བསྐྱོད་ཐུབ་བྱུང་བས། ལྷོ་པ་དང་མོན་པ་སོགས་རྫོང་ཡོངས་ཀྱི་མི་དམངས་ཀྱི་ཕྱི་འགྲིམ་ནང་ལོག་གི་ལམ་ཁ་དེ་གཞི་ནས་ཕྱེ་བ་རེད།

མེ་ཏོག་རྫོང་གི་ལྷོ་མོན་རིག་གནས་བཤམ་སྟོན་ཁང་།

མིག་སྔར་མེ་ཏོག་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་གྲུབ་ཆ་གཙོ་བོ་དྲུག་ནི་རིམ་གྱིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བཞིན་ཡོད་པ་རེད། ལོ་གཉིས་ལྷག་གི་འབད་པ་བརྒྱུད་ནས། མེ་ཏོག་གི་རང་བྱུང་ཡུལ་སྐོར་ཐོན་ཁུངས་ཀྱིས་ཡུལ་སྐོར་བ་མང་པོ་ཚུར་བཀུག་པ་དང་། སྤྱི་ལོ་༢༠༡༣ལོར་གཞུང་ལམ་ལམ་ཐིག་གཙོ་བོ་ནས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་༦༢༦༢༠ལ་བསླེབས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་ལས་བརྒལ་བ་རེད། སྤྱི་ལོ་༢༠༡༤ལོར་མེ་ཏོག་རྫོང་གིས་རྫོང་ནང་ཡུལ་སྐོར་གྱི་སྒོ་འཛིན་ཁོ་ནའི་ཡོང་འབབ་སྒོར་ས་ཡ་༣ལོན་ཡོད་པ་དང་ཡུལ་སྐོར་བ་མི་ཐེངས་༩༦༩༢༥ལ་སྣེ་ལེན་བྱས་ཡོད་པ་རེད། ཡུལ་སྐོར་ལས་རིགས་ཀྱི་ཡོང་འབས་ནི་ལོ་སྔོན་མ་ལས་ལྡབ་ཀྱིས་འཕར་སྟེ། ཡོང་འབབ་སྒོར་བྱེ་བ་༢་དང་ས་ཡ་༡ལྷག་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཡང་སྒོར་བྱེ་བ་༡ལས་བརྒལ་བ་རེད། སྤྱི་ལོ་༢༠༡༥ལོར་ལོ་ཧྲིལ་བོར་སྒོ་འཛིན་༡༦༤༢༥བཙོངས་ཐུབ་བྱུང་བ་དང་། སྒོ་འཛིན་ཁོ་ནའི་ཡོང་འབབ་ནི་སྒོར་༢༣༥༥༨༦༠ཟིན་པ་རེད། སྤྱི་ལོ་༢༠༡༦ལོའི་དུས་ཚིགས་དང་པོར་མེ་ཏོག་རྫོང་གིས་སྔར་བཞིན་ཡུལ་སྐོར་འཕེལ་རྒྱས་ཀྱི་ངར་ཤུགས་དེ་ཕྱི་རུ་མངོན་ཡོད་པ་སྟེ། དུས་ཚིགས་དང་པོ་ཁོ་ནར་སྒོ་འཛིན་༨༦༧བཙོངས་ཡོད་པ་དང་ཡོང་འབབ་སྒོར་ཁྲི་༢༣ལོན་ཡོད་པ་རེད།

བདེ་ཞིང་གྲོང་ཚོ།

མེ་ཏོག་རྫོང་གིས་སྔར་བཞིན། རང་བྱུང་དུ་འཛོམས་པའི་རི་ཆུ་ནགས་གསུམ་དང་། མཁའ་དབུགས། རིག་གནས། མོན་པ་དང་ལྷོ་པ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། བོད་བརྒྱུད་ནང་བསྟན་གྱི་གནས་འགངས་ཆེན་སོགས་ཐུན་མོང་མ་ཡིན་པའི་ལྷུན་གྱིས་གྲུབ་པའི་ཤེས་རབ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་བློ་ཡིད་དབང་མེད་དུ་འགུག་བཞིན་ཡོད་པ་རེད།

གསར་འགོད་པ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号