མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>འབྱོར་འབྲིང་གི་ལམ་ཁ་ཡངས་པོ།
༄༅།།ཀླུ་ནང་བཀྲ་ཤིས་སྒང་གྲོང་ཚོའི་ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང་དུ་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང་དུ་བསྐྱོད་པ།

སྤྱི་ཟླ་༥པའི་ཚེས་༡༣ཉིན། ང་ཚོ་བཅར་འདྲི་ཚོགས་པ་བྲག་ཡིབ་ཆུས་ཡུལ་སྐོར་ཅུས་ཀྱི་ལས་བྱེད་མི་སྣ་ཀྲའོ་ཁེ་ཡི་སྣེ་ཁྲིད་འོག། ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང་དུ་བཅར་འདྲིར་ཕྱིན།

ཡུལ་སྐོར་ཅུས་ཀྱི་ལས་མིར་བཅར་འདྲི་བྱེད་བཞིན་པ།

ཉིང་ཁྲིའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མགྱོགས་པ་དང་། གཞན་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པས། གྲོང་ཚོ་ཁག་ཏུ་ཁྱིམ་ཚང་མགྲོན་ཁང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཁྱིམ་ཚང་མགྲོན་ཁང་ནི་སྲིད་གཞུང་ནས་མ་དངུལ་ཚད་ངེས་ཅན་གྱིས་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་དང་ཁྱིམ་ཚང་སྒེར་གྱི་མཉམ་འབྲེལ་འོག་ཡུལ་སྐོར་མགྲོན་པོར་ཞབས་ཞུ་བྱས་ཏེ་འཚོ་བའི་ཡོང་འབབ་མཐོ་རུ་གཏོང་བའི་ཚོང་ལས་ཀྱི་ཐབས་ལམ་བཟང་བོ་ཞིག་ཡིན་པ་རེད།

ཨ་ཁུ་ཕུན་ཚོགས་ལ་བཅར་འདྲི་བྱེད་བཞིན་པ།

བྲག་ཡིབ་ཆུས་ཡུལ་སྐོར་ཅུས་ཀྱི་ཀྲའོ་ཁེ་ཡིས། བཀྲ་ཤིས་སྒང་གྲོང་ཚོར་ཁྱོན་བསྡོམས་ཁྱིམ་དུད་༦༨ཡོད་པ་དང་། དེའི་ཁྲོད་ཀྱི་ཁྱིམ་དུད་༦༠ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་གྱི་ཡོད་པ་རེད་ཟེར། ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང་གི་བདག་པོ་ཨ་ཁུ་ཕུན་ཚོགས་ནི་ད་ལོ་དགུང་ལོ་༦༨ཡིན་པ་དང་། སྤྱི་ལོ་༡༩༩༨ལོ་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་ཡིན་ཞིང་། གྲོང་ཚོའི་ནང་གི་ཁྱིམ་ཚང་མགྲོན་ཁང་གི་མགོ་མ་དེ་ཡིན་པ་རེད། ཡུལ་སྐོར་དུས་ཚིགས་ནང་མི་ཤིན་ཏུ་མང་པོ་ཡོང་ནས་མགྲོན་ཁང་དུ་འདུག་གི་ཡོད་པ་དང་། ཡུལ་སྐོར་བ་ལ་ལས་ཟླ་བ་ཁ་ཤས་སྔོན་ནས་བཟུང་ཁང་པ་གླ་གི་ཡོད་པ་རེད།  སྐབས་རེར་མི་ཤིན་ཏུ་མང་པས་ཨ་ཁུ་ཕུན་ཚོགས་ཀྱིས་ཡུལ་སྐོར་མགྲོན་པོ་གྲོང་ཚོའི་ནང་ཁུལ་གྱི་མགྲོན་ཁང་གཞན་དུ་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། ད་རུང་གྲོང་ཚོ་གཞན་པའི་མགྲོན་ཁང་དུ་བཀོད་སྒྲིག་བྱེད་དུས་ཀྱང་ཡོད་པ་རེད། ད་ལྟའི་བར་ཨ་ཁུ་ཕུན་ཚོགས་ཀྱིས་མི་རེར་ཞག་སྡོད་གླ་རིན་དམངས་སྒོར་༧༠མ་གཏོགས་བསྡུ་གི་མེད་པ་དང་། རྗེས་ཕྱོགས་ཀྱང་ཁང་གླ་མཐོར་གཏོང་རྩིས་མེད་ཟེར།

ཡུལ་སྐོར་བས་ཨ་ཁུ་ཕུན་ཚོགས་བསྐུར་བའི་འཕྲིན་ཡིག

ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ཡུལ་སྐོར་བ་སྣ་ཚོགས་གནས་འདི་ནས་ཞག་སྡོད་བྱེད་ཅིང་། གནས་འདི་བརྒྱུད་ནས་འགྲོ་བཞིན་ཡོད་པས། ཨ་ཁུ་ཕུན་ཚོགས་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་དང་གཞན་སྨྱན་སྦྱོར་ཚན་པས་བཅར་འདྲི་དང་ཁྱབ་བསྒྲགས་བྱས་པ་ཤིན་ཏུ་མང་པ་རེད། ཨ་ཁུ་ཕུན་ཚོགས་ནི་ཉིང་ཁྲིར་སོང་བའི་ཡུལ་སྐོར་བ་ཀུན་གྱི་ཁྲོད་དུ་སྙན་གྲགས་ཅུང་རྒྱས་ཡོད་པ་དང་། ལྷག་པར་དུ་ཨ་ཁུ་ཕུན་ཚོགས་དང་བཟའ་ཟླ་གཉིས་ཀྱི་མི་གཤིས་ཤིན་ཏུ་བཟང་བ་དང་མགྲོན་པོ་དག་ལ་ཤ་ཚ་བས། ཞག་སྡོད་ཀྱི་མགྲོན་པོ་སུ་ཡིན་ཡང་བརྩེ་བ་ཟབ་མོ་ཆགས་ཡོད་པ་རེད།

ཡུལ་སྐོར་མགྲོན་པོ་དང་གླེང་མོལ་བྱེད་བཞིན་པ།

ཨ་ཁུ་ཕུན་ཚོགས་ཚང་དུ་བཞུགས་པའི་ཡུལ་སྐོར་མགྲོན་པོས། རྟག་ཏུ་ཉིང་ཁྲིར་ཡོང་དུས་ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་དུ་ཆེད་དམིགས་ཀྱིས་ཡོང་བཞིན་ཡོད་ལ། གཞན་སློབ་གྲོགས་དང་ལས་གྲོགས་སོགས་ཡུལ་འདིར་བསྐྱོད་པའི་སྐབས་ལ་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད། འདི་གའི་སྡོད་སའི་ཆ་རྐྱེན་དང་བཟའ་བཏུང་སོགས་ཀྱི་ཐད་ཧ་ཅང་ཡིད་ཚིམ་པོ་ཡོད་ཅེས་གསུངས་བྱུང་།

གསར་འགོད་པ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号