མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས་ཆོས་ལུགས་དད་མོས་རང་དབང་ཐད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་སྲུང་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཆོས་ལུགས་དད་མོས་རང་དབང་ནི་རྩ་ཁྲིམས་ཀྱིས་སྤྱི་དམངས་ལ་གནང་བའི་གཞི་རྩའི་ཁེ་དབང་ཡིན་ཞིང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་ཀྲུང་གོས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་རྩ་བའི་སྲིད་ཇུས་ཤིག་ཡིན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འགྲེམ་སྤེལ་བྱས་པའི་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན་》 ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཏུ་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དོན་དངོས་འབོར་ཆེན་ལ་བརྟེན་ནས། ཁྱོན་ཡོངས་ནས་ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དང་། བཅའ་ཁྲིམས་ངོ་སྤྲོད་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ཆོས་ལུགས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་བརྗོད་ཡོད་ལ། ཀྲུང་གོའི་ཁྲིམས་ལྟར་ཆོས་དད་རང་མོས་འགན་ལེན་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་བྱེད་པའི་འགྱུར་མེད་ཀྱི་སྙིང་སྟོབས་དང་དོན་གཉེར་ལྷོད་མེད་བྱས་པ་མཚོན་ཡོད།

《ཆོས་ལུགས་ལས་དོན་སྲོལ་ཡིག་》བཟོ་བཅོས་ཁྱབ་བསྒྲགས་བྱས་པ་ནས་ཆོས་ལུགས་ཀྱི་ཐལ་སྤྱོད་སྟོབས་ཤུགས་དང་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆ་རྐྱེན་ལེགས་སུ་བཏང་བ་ནས་ཆོས་ལུགས་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་བ། ཁྲིམས་ལྟར་ཕྱི་རྒྱལ་བས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་སྲུང་སྐྱོང་བྱས་པ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ཡོ་བསྲང་བྱས་པ་སོགས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ཀྲུང་གོའི་ཆོས་ལུགས་ཀྱི་དོན་དངོས་ལ་གཞིགས་ཏེ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་དང་། སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་འགན་སྲུང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་སྐྱོང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བཅས་བྱས་ཡོད་ལ། རྒྱབ་ཤ་དཀར་པོའི་དེབ་ནང་གསལ་བའི་དོན་དངོས་ཀྱིས་ཀྲུང་གོའི་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་གང་ལེགས་ཐུབ་པ་བདེན་དཔང་བྱས་ཡོད།

ཁྲིམས་ལ་བཀུར་མཁན་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་ཞེས་པ་ལྟར། ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་གང་ལེགས་བྱེད་པའི་འགག་རྩ་ནི་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཏན་ཏིག་ངང་ཆེ་རུ་བཏང་ནས། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་། ཆོས་ལུགས་ལས་དོན་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཏུ་བླངས་ཏེ། བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་སྙོམ་སྒྲིག་དང་། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས་ཆོས་ལུགས་དད་མོས་རང་དབང་གི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཁྲིམས་ལུགས་ཅན་གྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཞིང་། སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་སྟངས་དེ་སྔར་བས་ཚད་ལྡན་དུ་གྱུར་བ་དང་། རྒྱ་ཆེའི་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་དེ་སྔར་བས་ནུས་ལྡན་དུ་གྱུར། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོས་ཁྲིམས་ལྟར་ཆོས་དད་རང་མོས་ལ་འགན་ལེན་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་འདེད། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱེད་པའི་ལམ་བུ་བཏོད།

ཆོས་ལུགས་ལས་ཀའི་ངོ་བོ་ནི་མང་ཚོགས་སྐོར་གྱི་ལས་ཀ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་བའི་ཁྲོད་ངེས་པར་དུ་ཐག་གཅོད་ལེགས་པོ་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། ཆོས་ལུགས་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ལས་ཀའི་ཁྲོད་དམིགས་བསལ་དང་གལ་ཆེའི་གནས་བབ་བཟུང་ཡོད་པ་དང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་ཅིང་། ཏང་དང་མི་དམངས་མང་ཚོགས་བར་ཤ་ཁྲག་ལྟ་བུའི་འབྲེལ་བ་ཆགས་མིན་དང་འབྲེལ་བ་ཡོད་པ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་དང་འབྲེལ་བ་ཡོད་ཅེས་ནན་གསུང་གནང་ཡོད། ཆོས་ལ་དད་པ་དང་མི་དད་པའི་མང་ཚོགས་གཉིས་མཐུན་སྒྲིལ་གང་ལེགས་ཡོང་བ་བྱ་རྒྱུ་ནི་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ཀྱི་གཞི་འཛིན་ས་དང་དམིགས་ཡུལ་ཡིན་ཞིང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། རང་འགུལ་གྱི་སྒོ་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འོས་མཐུན་ཡོང་བར་སྣེ་འདྲེན་བཅས་བྱས་ན། ང་ཚོར་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆིག་སྒྲིལ་ཡོང་སྲིད་པ་དང་། དུས་རབས་གསར་པར་བསྐྱར་དར་རྣམ་པ་བསྐྲུན་པ་དང་། ཐུན་མོང་ཐོག་རླབས་ཆེའི་བསྐྱར་དར་ཡོང་བར་དྲང་ནུས་ཀྱི་སྟོབས་ཤུགས་འདོན་ཐུབ།

ཆོས་ལུགས་ནི་མིའི་རིགས་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཆོས་དད་རང་མོས་ལ་འགན་སྲུང་དང་། སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་ཆགས་པ་བྱ་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མདུན་དུ་ལྷགས་པའི་ཐུན་མོང་གི་དོན་ཆེན་ཞིག་ཡིན། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ལག་ལེན་ཁྲོད། ཀྲུང་གོའི་ཉམས་མྱོང་དང་ཀྲུང་གོའི་བློ་གྲོས་ཀྱིས་མིའི་རིགས་ཡོངས་ལ་བློ་སྐྱེད་བསྩལ་སྲིད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།