ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་།

2018ལོའི་ཟླ4པར།

དཀར་ཆག

གཅིག ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱེད་པའི་གཞི་རྩའི་སྲིད་ཇུས།

གཉིས། ཆོས་ལུགས་དད་མོས་རང་དབང་ཁེ་དབང་གི་བཅའ་ཁྲིམས་ཀྱི་འགན་སྲུང་།

གསུམ། ཆོས་ལུགས་བྱ་འགུལ་གོ་རིམ་ལྡན་པར་སྤེལ་བ།

བཞི། ཆོས་ལུགས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

ལྔ། ཆོས་ལུགས་ཀྱི་འབྲེལ་བ་དགེ་མཚན་ལྡན་ཞིང་སྐྱོན་བྲལ་ཡིན་པ།

སྔོན་འགྲོའི་གཏམ།

ཀྲུང་གོ་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་གནས་ཚུལ་དང་ཆོས་ལུགས་ཀྱི་དོན་དངོས་ནས་མགོ་རྩོམ་པ་དང་། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་འགན་སྲུང་བྱེད་པ། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་པ་དང་། ཆོས་ལུགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བཅས་བྱེད་ཀྱིན་ཡོད། ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཏེ། ཆོས་ལུགས་བྱ་བ་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་མ་ལག་ནང་བཞག་ཅིང་། བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱས་པ་དང་། ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་བསྟུད་མར་མཐོར་འདེགས་བྱས། དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཐུན་འགྲིག་མཉམ་གནས་སྒོས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཕུལ།

གཅིག ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱེད་པའི་གཞི་རྩའི་སྲིད་ཇུས།

ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་ཚུགས་ཀྱིས་རང་བདག་རང་སྒྲུབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཕྲོད་མཐུན་ཡོང་བར་སྐུལ་ཁྲིད་གང་ལེགས་བྱེད་པ་དང་། ཚད་ཆེ་ཤོས་ཀྱི་སྒོ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་མཐུན་སྒྲིལ་ཡོང་བར་སྐུལ་ཁྲིད་གང་ལེགས་བྱེད་ཀྱིན་ཡོད།

ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པ། ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་ཆོས་ལུགས་ལ་བཏོན་པའི་གཞི་རྩའི་སྲིད་ཇུས་ཡིན། སྤྱི་དམངས་རེ་རེར་ཆོས་ལུགས་ལ་དད་མོས་བྱེད་པའི་རང་དབང་ཡོད་ལ་དད་མོས་མི་བྱེད་པའི་རང་དབང་ཡང་ཡོད། ཆོས་ལུགས་རིགས་གཅིག་ལ་དད་མོས་བྱེད་པའི་རང་དབང་ཡོད་ལ། ཆོས་ལུགས་རིགས་གཅིག་ལས་གྲུབ་མཐའ་ཁག་གཅིག་ལ་དད་མོས་བྱེད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལུགས་ལ་དད་མོས་མི་བྱེད་ནའང་དེང་སྐབས་ཆོས་ལུགས་ལ་དད་མོས་བྱེད་པའི་རང་དབང་ཡོད་ལ། སྔོན་ཆད་ཆོས་ལུགས་ལ་དད་མོས་བྱས་ཀྱང་ད་ཆ་དད་མོས་མི་བྱེད་པའི་རང་དབང་ཡང་ཡོད། དད་ལྡན་མང་ཚོགས་ཀྱང་དད་མེད་མང་ཚོགས་དང་འདྲ་བར། གཅིག་མཚུངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས་རིག་གནས་སོགས་ཕྱོགས་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་ཆོག་ལ། དད་མོས་བྱེད་ཡུལ་མི་འདྲ་བ་ལས་ཁེ་དབང་ཐད་འདྲ་མཉམ་མི་ཡོང་བ་འབྱུང་མི་སྲིད། རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་བྱེད་རྒྱུ་ཡིན་ལ། རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་རྒྱུ། སྤྱི་དམངས་ཀྱིས་ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་ལག་ལེན་དུ་བསྟར་བར། སྤྱི་དམངས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བར་ཆད་བཏང་མི་ཆོག་པ་དང་། གཞན་ལ་བཙན་ཐབས་ཀྱིས་ཆོས་ལུགས་ལ་དད་མོས་བྱེད་དུ་འཇུག་མི་ཆོག་ཅིང་། དད་པ་མེད་མཁན་དང་ཡང་ན་ཆོས་ལུགས་གཞན་པར་དད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག་ལ། ཆོས་ལུགས་བེད་སྤྱད་དེ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་ལག་བསྟར་བྱེད་ན་ངེས་པར་སྤྱི་པའི་སྒྲིག་ལམ་དང་ལམ་སྲོལ་བཟང་པོར་བརྩི་འཇོག་བྱེད་དགོས་པ་དང་། རིག་གནས་སྲོལ་རྒྱུན་དང་སྤྱི་ཚོགས་མི་ཆོས་ཀྱི་ཀུན་སྤྱོད་ལ་བརྩི་འཇོག་བྱེད་དགོས།

ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རྒྱལ་ཁབ་ཀྱིས་ཆོས་ལུགས་ཚང་མར་འདྲ་མཉམ་རིས་མེད་ཀྱི་ལྟ་སྟངས་འཛིན་པ་སྟེ། སྲིད་འཛིན་སྟོབས་ཤུགས་ལ་བརྟེན་ནས་ཆོས་ལུགས་རིགས་ཤིག་གོང་དུ་སྤེལ་བ་དང་ཡང་ན་གཏན་འགོག་མི་བྱེད་ལ། ཆོས་ལུགས་གང་ཞིག་ཡིན་རུང་ཆོས་ལུགས་གཞན་པས་བཅའ་ཁྲིམས་སྟེང་ལོངས་སུ་སྤྱོད་པའི་དམིགས་བསལ་གྱི་གོ་གནས་ལས་བརྒལ་མི་ཆོག རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་དང་ཆོས་ལུགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་བཀག་འགོག་བྱེད་པ་དང་། ཆོས་ལུགས་བེད་སྤྱད་དེ་བསམ་བློ་ངན་པ་དྲིལ་སྒྲོག་དང་ཐལ་ཆེ་བའི་བྱ་འགུལ་སྤེལ་བ་གཏན་འགོག་བྱེད་རྒྱུ་ཡིན་ལ། མངའ་ཁོངས་ཕྱིའི་སྟོབས་ཤུགས་བེད་སྤྱད་དེ་ཆོས་ལུགས་ལ་སིམ་འཛུལ་བྱེད་པ་བཀག་འགོག་དང་། ཆོས་ལུགས་ལ་བརྟེན་ནས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་འགུལ་སྤེལ་བར་རྡུང་རྡེག་བྱ་རྒྱུ། དད་ལྡན་མང་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་ལམ་བཅས་བརྩི་སྲུང་བྱེད་དགོས། ཆོས་ལུགས་བྱ་འགུལ་སྤེལ་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྱབ་ཁོངས་ནང་སྤེལ་དགོས་པ་དང་། སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་བྱེད་པར་ཐེ་གཏོགས་བྱེད་མི་ཆོག རྩ་མེད་དུ་བཏང་ཟིན་པའི་ཆོས་ལུགས་རྙིང་ཞེན་གྱི་དམིགས་བསལ་དབང་ཆ་སླར་གསོ་བྱེད་མི་ཆོག་པ་དང་། ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་ལ་གནོད་པའི་བྱ་འགུལ་སྤེལ་མི་རུང་།

རང་ཚུགས་དང་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་རྒྱལ་ཁབ་ཕྱིའི་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་མི་ཆོག་པ་ནི་ཀྲུང་གོའི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་དོན་ཡིན། ཀྲུང་གོ་སྲིད་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར། ཆོས་ལུགས་ཁག་གིས་རང་ཚུགས་ལྡན་པའི་སྒོ་ནས་རང་བདག་རང་སྒྲུབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ཚོགས་པ་སོ་སོ་དང་ཆོས་ལུགས་ལས་བྱེད་མི་སྣ། དེ་མིན་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལས་དོན་རང་བདག་རང་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། རང་ཚུགས་དང་རང་བདག་རང་སྒྲུབ་བྱེད་པའི་རྩ་དོན་ནི་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་མགོ་ཐོན་པ་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་འཐབ་རྩོད་ཁྲོད། གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་དུས་ཡུན་རིང་པོར་མི་སེར་སྤེལ་བའི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ཀྱིས་ཚོད་འཛིན་དང་བེད་སྤྱོད་བྱས་ཏེ། “ཕྱི་རྒྱལ་གྱི་ཆོས་ལུགས”ཞེས་བརྙས་བཅོས་མྱངས་པའི་ལོ་རྒྱུས་གཞི་བྱས་ཏེ། ཀྲུང་གོའི་དད་ལྡན་མང་ཚོགས་ཀྱིས་རང་བདག་གིས་བདམས་པའི་ལོ་རྒྱུས་རང་བཞིན་གྱི་གདམ་གསེས་ཤིག་ཡིན། རྩ་དོན་དེ་ནི་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་མགོ་ཐོན་པ་དང་མི་དམངས་བཅིངས་འགྲོལ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བླང་བྱ་དང་མཐུན་པས། ཀྲུང་གོའི་ཆོས་ལུགས་ལ་འགྱུར་ལྡོག་གསར་པ་བྱུང་བ་དང་། རྒྱལ་སྤྱིའི་ཆོས་ལུགས་ཀྱི་མཛའ་མཐུན་མི་སྣས་ཡོངས་ཁྱབ་ཀྱིས་རྒྱུས་ལོན་དང་བརྩི་འཇོག རྒྱབ་སྐྱོར་བཅས་ཐོབ་ཡོད། རང་ཚུགས་དང་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དེས། ཀྲུང་གོའི་ཆོས་ལུགས་ཀྱི་རྩ་འཛུགས་དང་མངའ་ཁོངས་ཕྱིའི་ཆོས་ལུགས་རྩ་འཛུགས་བར་གྱི་རྒྱུན་ལྡན་གྱི་འབྲེལ་ཐག་གཅོད་རྒྱུ་ཟེར་བ་མིན།

གཉིས། ཆོས་ལུགས་དད་མོས་རང་དབང་ཁེ་དབང་གི་བཅའ་ཁྲིམས་ཀྱི་འགན་སྲུང་།

ཀྲུང་གོའི་སྲིད་གཞུང་གིས་ཆོས་ལུགས་ཁག་གིས་རང་ཚུགས་རང་བདག་དང་འདྲ་མཉམ་མཛའ་མཐུན།ཕན་ཚུན་བརྩི་འཇོག་བཅས་ཡོང་བར་རྒྱབ་སྐྱོར་དང་སྐུལ་མ་གཏོང་བའི་རྨང་གཞིའི་སྟེང་། ཕྱི་རྒྱལ་ལ་བརྗེ་རེས་བརྗེ་སྤེལ་བྱས་ཏེ། མངའ་ཁོངས་ཕྱིའི་ཆོས་ལུགས་ཁག་དང་མཛའ་མཐུན་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་སུ་གཏོང་བ་དང་སྲ་བརྟན་དུ་གཏོང་བ། ཡིད་ཆེས་ཇེ་བརྟན་དང་དོགས་པ་སེལ་བ། སྣང་བརྙན་བཟང་པོ་ངོམ་པ་བཅས་བྱ་རྒྱུ། མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ཆོས་ལུགས་བེད་སྤྱད་དེ་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་དང་སྲིད་ཇུས་བཅས་དང་འགལ་བའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། ཀྲུང་གོའི་ཆོས་ལུགས་རྩ་འཛུགས་ལ་ཁ་ལོ་སྒྱུར་བ། ཀྲུང་གོའི་ཆོས་ལུགས་ལས་དོན་ལ་ཐེ་གཏོགས་བྱེད་པ་དང་། ཐ་ན་ཀྲུང་གོའི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བསློག་པའི་ངན་སེམས་བཅངས་པ་བཅས་ལ། ཀྲུང་གོ་སྲིད་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་ཟད་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ།

ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་ན། དད་ལྡན་མང་ཚོགས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་པའི་ཁེ་ཕན་དང་ལེན་དང་ཞབས་ཞུ་བྱེད་དུ་འཇུག་དགོས་ལ། ཆོས་ལུགས་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་ཀྱི་བསྟན་དོན་དང་ཆོས་ཁྲིམས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འདྲེས་གང་ཐུབ་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པ། རང་རྟོགས་སྒོས་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་དོ་དམ་བྱེད་པ་དང་ལེན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བ་དང་། ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་འགན་སྲུང་བྱེད་པ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་བསྟུད་མར་ཇེ་མཐོར་འགྲོ་བཞིན་ཡོད་ལ། སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཚད་སྔར་ལས་ཚད་ལྡན་ཡིན་པ་དང་། རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་ཁྱོན་ཡོངས་ཤུགས་ལྡན་སྒོས་སྲུང་སྐྱོབ་བྱེད་ཀྱིན་ཡོད།

ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་ལ་ཀྲུང་གོའི་རྩ་ཁྲིམས་ཀྱི་འགན་སྲུང་ཐོབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་སོ་དྲུག་པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་ཡོད”ཅེས་པ་དང་། དུས་མཚུངས་སུ“རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱ་རྒྱུ།”“རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་བཙན་ཐབས་ཀྱིས་སྤྱི་དམངས་ལ་ཆོས་ལུགས་དད་མོས་དང་ཡང་ན་དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་རུང་ལ། ཆོས་ལུགས་ལ་དད་མོས་བྱེད་པའི་སྤྱི་དམངས་དང་དད་མོས་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག” “མི་སུ་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་གཏོང་བ་དང་། སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་གནོད་པའི་བྱ་འགུལ་སྤེལ་མི་ཆོག”“ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་མི་ཆོག་པ”བཅས་གཏན་ལ་ཕབ་ཡོད། གཏན་འབེབས་དེ་དག་གིས་རྒྱལ་ཁབ་ཀྱིས་ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། བདེ་ཐང་གི་ཆོས་ལུགས་འབྲེལ་བ་འཛུགས་པ་བཅས་ལ་རྩ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཁེ་དབང་ལ་འགན་སྲུང་བྱེད་པ་དེ་གཞི་རྩའི་བཅའ་ཁྲིམས་ཁྲོད་མངོན་པར་མཚོན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ནང་དུ་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་གཏན་འབེབས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམ་བསྐོ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་སྐུལ་འདེད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ནང་འདྲ་མཉམ་སྲུང་སྐྱོབ་རྩ་དོན་ལག་བསྟར་བྱས་ཏེ། སྤྱི་དམངས་ལ་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཁྲོད་འདེམ་བསྐོ་དབང་ཆ་དང་འདེམ་བསྐོ་བྱ་ཡུལ་དབང་ཆ། བཅའ་ཁྲིམས་འོས་སྤྱོད་ཐད་ཀྱི་འདྲ་མཉམ་དབང་ཆ་དང་སློབ་གསོ་ཐོབ་པའི་དབང་ཆ། འདྲ་མཉམ་ངང་ལས་ཀར་ཞུགས་པའི་དབང་ཆ་དང་རང་བདག་གདམ་གསེས་དབང་ཆ། ཁྲིམས་ལྟར་བཟོ་ཚོགས་ནང་ཞུགས་པ་དང་རྩ་འཛུགས་བྱེད་པའི་དབང་ཆ་སོགས་ལ་ཆོས་ལུགས་དད་མོས་ཀྱི་དབང་གིས་ཁྱད་པར་མི་འབྱེད་པ་དང་། ཆོས་ལུགས་དད་མོས་ཀྱི་དབང་གིས་མཐོང་ཆུང་མི་བྱེད་པ་གཏན་ལ་ཕབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》ནང་དུ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་དགོས་པ་གཏན་ལ་ཕབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་བོ་ལོ་ན་མ་སོན་པར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ནང་དུ། སྐྱེ་བོ་ལོ་ན་མ་སོན་པར་ཆོས་ལུགས་དད་མོས་མི་དབྱེ་བར། ཚང་མར་འདྲ་མཉམ་ངང་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ། སྲུང་སྐྱོབ་ཐོབ་པའི་དབང་ཆ། ཞུགས་པའི་དབང་ཆ། སློབ་གསོ་ཐོབ་པའི་དབང་ཆ་སོགས་ཁེ་དབང་ལོངས་སུ་སྤྱོད་དབང་ཡོད་པ་གཏན་ལ་ཕབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་ཁྱབ་བཅའ་ཁྲིམས》ནང་། བརྡ་ཁྱབ་ནང་ཆོས་ལུགས་ལ་མཐོང་ཆུང་བྱེད་པའི་ནང་དོན་ཡོད་མི་ཆོག་པ་གཏན་ལ་ཕབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་དུ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་འགལ་སྒོས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་མེད་པར་བཟོས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་གཏན་ལ་ཕབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》ནང་དུ། ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་བྱ་འགུལ་སྤེལ་རར་ཁྲིམས་མིའི་ཆ་རྐྱེན་ལྡན་ན། ཁྲིམས་མི་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཏེ། རོགས་སྐྱོར་ཞལ་འདེབས་ཀྱི་ཁྲིམས་མིའི་ཐོབ་ཐང་བླངས་ཆོག

ཆོས་ལུགས་ལས་དོན་གྱི་སྲིད་འཛིན་སྒྲིག་ཁྲིམས་སྔར་ལས་འཐུས་ཚང་བ། 2017ལོར་བཟོ་བཅོས་དང་ཁྱབ་སྒྲོག་བྱས་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》གིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་སྡེ་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། ཁྲིམས་ལྟར་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ཤུགས་སྣོན། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྲུང་སྐྱོང་བྱེད་པའི་ནང་དོན་ཁ་སྣོན་བྱས་ཡོད། སྲོལ་ཡིག་ཏུ་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱ་འགུལ་སྤེལ་ས། དད་ལྡན་མང་ཚོགས་ཀྱིས་བཙུགས་པའི་ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་བྱ་འགུལ་སྤེལ་ཚུལ། ཆོས་ལུགས་སློབ་གླིང་སྒྲུབ་ཚུལ། ཁྲིམས་མིའི་ཐོབ་ཐང་རེ་ཞུ་བྱེད་ཚུལ། ཆོས་ལུགས་དཔེ་དེབ་ཀྱི་པར་སྐྲུན་འགྲེམ་སྤེལ། ཆོས་ལུགས་ཞལ་འདེབས་ལེན་པ། ཆོས་ལུགས་རྒྱུ་ནོར་གྱི་དོ་དམ། སྤྱི་ཕན་དགེ་ལས་དང་ཕྱི་ཕྱོགས་དང་བརྗེ་རེས་བྱ་འགུལ་སྤེལ་བ་སོགས་ཀྱི་ཕྱོགས་ཀྱི་དབང་ཆ་དང་འོས་འགན་གཏན་ལ་ཕབ་ཡོད། སྲོལ་ཡིག་ལས་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བར་བཀག་འགོག་བྱེད་དགོས་ཚུལ་གསལ་པོར་བཏོན་ཡོད་ལ། སྦྲེལ་དྲའི་ནང་གི་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་སྐོར་གྱི་ནང་དོན་གསར་དུ་ཁ་སྣོན་བྱས་ཡོད། དུས་མཚུངས་སུ་རིམ་པ་སོ་སོའི་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ས་བཅས་ལ་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་འོས་པ་དང་། རིམ་པ་སོ་སོའི་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་པ་དེ་ས་ཞིང་བེད་སྤྱོད་པའི་སྤྱི་ཁྱབ་འཆར་འགོད་དང་མཁར་གྲོང་འཆར་འགོད་ནང་དུ་བསྡུ་འོས་པ། རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་བར་ལ་དཀྲུག་ཤིང་འཕེན་མི་ཆོག་པ།

པར་སྐྲུན་དང་སྦྲེལ་དྲའི་ངོས་སུ་དད་ལྡན་མང་ཚོགས་དང་ཡང་ན་དད་མེད་མང་ཚོགས་ལ་མཐོང་ཆུང་བྱེད་པའི་གཏམ་སྦྱོར་སྤེལ་མི་ཆོག་པ་སོགས་ཀྱང་གཏན་ལ་ཕབ་ཡོད།

ཕྱི་རྒྱལ་པས་ཀྲུང་གོའི་ནང་ཁུལ་ནས་སྤེལ་བའི་ཆོས་ལུགས་བྱ་འགུལ་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་དུ་ཕྱི་རྒྱལ་པས་ཆོས་ལུགས་བྱ་འགུལ་སྤེལ་བའི་ཐད་ཀྱི་དོ་དམ་གཏན་འཁེལ》དུ། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ནང་ཁུལ་གྱི་ཕྱི་རྒྱལ་པའི་ཆོས་ལུགས་དད་མོས་རང་དབང་ལ་གོང་བཀུར་དང་། ཕྱི་རྒྱལ་པས་ཆོས་ལུགས་ཀྱི་ཕྱོགས་ནས་ཀྲུང་གོའི་ཆོས་ལུགས་སྡེ་ཁག་དང་མཛའ་འབྲེལ་བྱེད་པ་དང་རིག་གནས་རིགས་གཞུང་གི་བརྗེ་རེས་བྱ་འགུལ་སྤེལ་བ་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན་ཡོད། རྒྱལ་ནང་གི་ཕྱི་རྒྱལ་པ་རྣམས་དགོན་པ་དང་ཏའོ་ལུགས་དགོན་པ། དབྱི་སི་ལན་ཆོས་ཁང་། ཡེ་ཤུའི་ཆོས་ཁང་སོགས་ཆོས་ལུགས་བྱ་འགུལ་སྤེལ་སའི་ཆོས་ལུགས་བྱ་འགུལ་དུ་ཞུགས་ཆོག་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཡན་གྱི་ཆོས་ལུགས་ཚོགས་པས་གདན་འདྲེན་བྱས་པ་བརྒྱུད་ཆོས་ལུགས་བྱ་འགུལ་སྤེལ་ས་ནས་ཆོས་གཞུང་དང་གདམས་པ་འཆད་ཁྲིད་བྱེད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁས་ལེན་ཐོབ་པའི་གནས་སུ་ཕྱི་རྒྱལ་པ་ཞུགས་པའི་ཆོས་ལུགས་བྱ་འགུལ་སྤེལ་བ། ཕྱི་རྒྱལ་པས་ཀྲུང་གོའི་ཆོས་ལུགས་མི་སྣ་གདན་དྲངས་ནས་དག་ཁྲུས་བྱེད་པ་དང་གཉེན་སྒྲིག་ཆོ་ག་སྤེལ་བ། འདས་མཆོད་སྒྲུབ་པ། ཏའོ་ལུགས་ཆོ་ག་སྤེལ་བ་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ། གཏན་འཁེལ་དང་མཐུན་པའི་ཆོས་ལུགས་ཀྱི་དཔར་ཡིག་དང་བརྙན་ཕབ། དེ་མིན་ཆོས་ཀྱི་ཡོ་བྱད་གཞན་དག་བཅས་ཁྱེར་ནས་རྒྱལ་མཚམས་བརྒལ་བ་བཅས་བྱེད་ཆོག་ལ། དུས་མཚུངས་སུ། ཕྱི་རྒྱལ་པས་ཀྲུང་གོ་ནས་ཆོས་ལུགས་བྱ་འགུལ་སྤེལ་ན་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱ་དགོས་པ་གཏན་འཁེལ་བྱས་ཡོད་ལ། ཕྱི་རྒྱལ་པ་དང་ཕྱི་རྒྱལ་གྱི་རྩ་འཛུགས་གང་གིས་ཀྱང་ཀྲུང་གོ་ནས་ཆོས་ལུགས་རྩ་འཛུགས་དང་ཆོས་ལུགས་ལས་དོན་སྡེ་ཁག ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་སློབ་གླིང་བཅས་འཛུགས་པ་དང་གང་འདོད་དུ་སློབ་མ་བསྡུ་བ་སོགས་གཏན་ནས་བྱེད་མི་རུང་། ཀྲུང་གོའི་སྤྱི་དམངས་ཀྱི་ཁྲོད་ནས་དགེ་ཕྲུག་བསྡུ་བ་དང་ཆོས་ལུགས་དགེ་བཟོ་པར་བསྐོ་བ་དང་ཡང་ན་ཆོས་སྤེལ་བྱ་འགུལ་གཞན་དག་སྤེལ་བ་བཅས་བྱེད་མི་རུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱིའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱིས་མངའ་ཁོངས་ནས་བྱ་འགུལ་སྤེལ་བར་དོ་དམ་བྱེད་ཐབས་ཀྱི་བཅའ་ཁྲིམས》ལས། མངའ་ཁོངས་ཕྱིའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་ནང་ཁུལ་ནས་ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བྱ་འགུལ་ལ་ཞུགས་པའམ་ཡང་ན་དེ་ལ་རོགས་འདེགས་བྱེད་པ་གཏན་ནས་བྱེད་མི་ཆོག་པ་གཏན་འཁེལ་བྱས་ཡོད།

ཁྲིམས་ལྟར་ཐལ་དྲགས་ཆོས་ལུགས་སྟོབས་ཤུགས་དང་དྲག་ཤུགས་འཇིགས་སྐུལ་གྱི་བྱ་འགུལ་ལ་རྡུང་རྡེག་གཏོང་བ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས》ལས། རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་སྒོ་ནས་ཆོས་ལུགས་ཀྱི་དགོངས་དོན་ལོག་འགྲེལ་དང་ཡང་ན་བྱེད་ཐབས་གཞན་པ་ལ་བརྟེན་ནས་ཞེ་འཁོན་དང་ཆགས་སྡང་དང་དྲག་ཤུགས་སློང་བ་སོགས་ཀྱི་ཐལ་དྲགས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ས་ཁོངས་དང་མི་རིགས་དང་ཆོས་ལུགས་སོགས་རྒྱུ་མཚན་དུ་བྱས་པའི་ཆགས་སྡང་ཕྱོགས་ལྷུང་གི་སྤྱོད་སྟངས་གང་རུང་གཏན་འགོག་བྱས་ཡོད། 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ལས། ཆོས་ལུགས་ཀྱི་ཐལ་དྲགས་རིང་ལུགས་ཀྱི་བསམ་བློ་དྲིལ་སྒྲོག་དང་དེ་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་པ་དང་། ཆོས་ལུགས་ལ་ཁ་གཡར་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་གྱི་བྱ་འགུལ་སྤེལ་བ་གཏན་ནས་བྱེད་མི་རུང་། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་ནས་ཆོས་ལུགས་ཀྱི་ཐལ་དྲགས་རིང་ལུགས་དྲིལ་སྒྲོག་བྱེད་པ་དང་གང་སར་མཆེད་པ་འགོག་ཅི་ཐུབ་བྱེད་པའི་དུས་མཚུངས་སུ། དྲག་ཤུགས་འཇིགས་སྐུལ་གྱི་བྱ་འགུལ་དང་ཆོས་ལུགས་ཀྱི་ཐལ་དྲགས་རིང་ལུགས་དེ་ཆེད་དམིགས་མི་རིགས་དང་ཡང་ན་ཆེད་དམིགས་ཆོས་ལུགས་བར་འབྲེལ་བ་འབྱུང་བ་སྔོན་འགོག་བྱེད་པར་ལྷག་ཏུ་མཉམ་འཇོག་བཞིན་ཡོད།

གསུམ། ཆོས་ལུགས་བྱ་འགུལ་གོ་རིམ་ལྡན་པར་སྤེལ་བ།

ཀྲུང་གོར་གཙོ་བོ་སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་སོགས་ཡོད་ལ། དད་ལྡན་མང་ཚོགས་དུང་ཕྱུར2ལ་ཉེ་བ་ཙམ་དང་ཆོས་ལུགས་ལས་བཟོ་པ་ཁྲི38ལྷག་ཡོད། སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ལ་དད་ལྡན་མང་ཡང་། དད་ལྡན་ཕལ་པ་རྣམས་ཆོས་ལུགས་གང་དེར་ཞུགས་པར་སྒྲིག་ལམ་གསལ་པོ་ཞིག་མེད་པས་མི་གྲངས་གསལ་པོ་ཞིག་རྩིས་ལོན་དཀའ། སངས་རྒྱས་ཆོས་ལུགས་ཀྱི་ལས་བཟོ་བ་ཁྲི22.2ཙམ་ཡོད་ལ། ཏའོ་ཅའོ་ཆོས་ལུགས་ཀྱི་ལས་བཟོ་པ་ཁྲི4ལྷག་ཡོད། མི་ཕལ་ཆེ་བས་དབྱི་སི་ལན་ཆོས་ལུགས་ལ་དད་པའི་གྲངས་ཉུང་མི་རིགས10ལ་བསྡོམས་པས་མི་ཁྲི2000ལྷག་ཡོད་ལ། དབྱི་སི་ལན་ཆོས་ལུགས་ཀྱི་ལས་བཟོ་པ་ཁྲི5.7ལྷག་ཡོད། གནམ་བདག་ཆོས་ལུགས་ལ་དད་ལྡན་ཁྲི600ཙམ་ཡོད་ལ། ཆོས་ལུགས་ཀྱི་ལས་བཟོ་པ་ཁྲི0.8ཙམ་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་ཁྲི3800ལྷག་ཡོད་ལ། ཆོས་ལུགས་ཀྱི་ལས་བཟོ་པ་ཁྲི5.7ཡོད། ཀྲུང་གོར་ད་དུང་དམངས་ཁྲོད་ཀྱི་དད་མོས་སྣ་ཚོགས་ཡོད་ལ། ས་གནས་རང་གི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་འདྲེས་ཡོད་པས། དམངས་ཁྲོད་ཀྱི་དད་མོས་བྱ་འགུལ་ལ་ཞུགས་པའི་མང་ཚོགས་ཅུང་མང་། ཀྲུང་གོར་ཆོས་ལུགས་ཚོགས་པ5500ཙམ་ཡོད་ལ། དེ་ལས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ7ཡོད་དེ། སོ་སོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་རྒྱལ་གཅེས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་བདག་མཐུན་ཚོགས། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་བྱ་འགུལ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་བཅས་སོ། །

ཆོས་ལུགས་བྱ་འགུལ་སྤེལ་སའི་ཆ་རྐྱེན་ལ་ལེགས་བཅོས་མངོན་གསལ་ཐོབ་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་དད་ལྡན་མང་ཚོགས་ཀྱིས་ཐུན་མོང་གི་ཆོས་ལུགས་བྱ་འགུལ་སྤེལ་སའི་ས་གནས་ཐོ་འགོད་བྱས་ཏེ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཁྱབ་ཁོངས་སུ་བཅུག་པ་དང་། ཆོས་ལུགས་བྱ་འགུལ་ཚད་ལྡན་གོ་རིམ་ཅན་དུ་སྤེལ་བར་ཁག་ཐེག་བྱས། མིག་སྔར་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱ་འགུལ་སྤེལ་ས་ཁྲི14.4ཙམ་ཡོད། ནང་བསྟན་གྱི་དགོན་པ་ཁྲི3.35ཙམ་ཡོད་ལ། དེ་ལས་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་ཁྲི2.8ལྷག་ཡོད། བོད་བརྒྱུད་ནང་བསྟན་གྱི་དགོན་པ3800ལྷག་དང་། ལྷོ་བརྒྱུད་ནང་བསྟན་གྱི་དགོན་པ1700ལྷག་ཡོད། ཏའོ་ཅའོ་ལྷ་ཁང་9000ལྷག་དང་། དབྱི་སི་ལན་ཆོས་ཁང་ཁྲི3.5ལྷག གནམ་བདག་ཆོས་ལུགས་ཀྱི་ཆོས་ཁུལ98དང་ཆོས་ཁང་དང་བྱ་འགུལ་སྤེལ་ས6000ལྷག་ཡོད། ཡེ་ཤུའི་ཆོས་ཁང་དང་འདུ་གནས་ཁྲི6ཙམ་ཡོད། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱ་འགུལ་སྤེལ་སར་རྒྱལ་ཁབ་ཀྱི་གཅིག་གྱུར་ཁྲལ་བསྡུ་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཁྲལ་འཇལ་བ་དང་ཁྲལ་བསྡུའི་དམིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད། ཆུ་གློག་རླངས་དྲོད་ལམ་འཕྲིན་བཅས་དང་རྒྱང་སྒྲོག་བརྙན་འཕྲིན། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་ཆོས་ལུགས་བྱ་འགུལ་སྤེལ་སར་ཁྱབ་ཡོད།

ཆོས་ལུགས་བསྟན་བཅོས་ཁྲིམས་ལྟར་པར་སྐྲུན་བྱེད་པ། ཡིག་རིགས་སྣ་མང་དང་པར་གཞི་སྣ་མང་གི་ཆོས་ལུགས་བསྟན་བཅོས་དང་། དེ་མིན་ཆོས་ལུགས་ཀྱི་དགོངས་དོན་དང་སྡོམ་ཁྲིམས་ཟིན་ཐོར་བཀོད་པ་དང་འགྲེལ་བཤད་བརྒྱབ་པ། མཆན་བཀོད་པ་སོགས་ཀྱི་དཔར་ཡིག་དང་སྒྲ་བརྙན་ཕབ། གློག་རྡུལ་ཀློག་དེབ་སོགས་ཀྱི་པར་སྐྲུན་ལ་གེགས་མེད་པར་བྱས་པས། རིགས་སོ་སོའི་དད་ལྡན་མང་ཚོགས་ཀྱི་སྣ་མང་བའི་དགོས་མཁོ་སྐོང་ཐུབ་པར་གྱུར་ཡོད། 《བཀའ་བསྟན》དང《ཀྲུང་ཧྭའི་ཏའོ་ལུགས་བསྟན་བཅོས》《ལའོ་ཙིའི་བཀའ་བསྡུས》སོགས་གཏོས་ཆེ་བའི་ཆོས་ལུགས་གནའ་དཔེ་དག་སྒྲིག་དང་པར་སྐྲུན་བྱས། བོད་ཀྱི་དགོན་པའི་སྲོལ་རྒྱུན་གྱི་དཔར་ཁང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱུང་ལ། ད་ལྟ་པོ་ཏ་ལ་དཔར་ཁང་སོགས་སྲོལ་རྒྱུན་གྱི་དཔར་ཁང60ཡོད་པས། ལོ་རེར་ཆོས་དཔེ་པོ་ཏི་ཁྲི6.3ལྷག་དཔར་བཞིན་ཡོད། རྒྱ་ཡིག་དང་ཡུ་གུར། ཧ་སག་དང་ཁོར་ཁེ་ཙི་སོགས་ཡིག་རིགས་སྣ་མང་གི་ལམ་ནས《ཀོ་རན་ཆོས་དཔེ》སོགས་དབྱི་སི་ལན་གྱི་ཆོས་དཔེ་ལོ་ཙཱ་དང་པར་སྐྲུན་འགྲེམ་སྤེལ་བྱས། 《ཝོར་ཚིའི་གཏམ་བསྡུས་གསར་སྒྲིག》གི་མུ་འབྲེལ་སོགས་ཀློག་དེབ་དང་དུས་དེབ་ཁྲི176ཙམ་ལ་ཉེ་བ་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས། ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ100ལྷག་ལ་སྐད་རིགས100ཙམ་གྱི《དམ་པའི་གསུང་རབ》དེབ་དུང་ཕྱུར1.6ལྷག་དཔར་ལ། དེ་ལས་ཀྲུང་གོའི་ཆོས་ཚོགས་ལ་དེབ་ཁྲི8000ཙམ་དཔར་ཡོད་ལ། དེ་ལ་ཡང་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས11དང་ལོང་ཡིག་གི་པར་གཞི་བཅས་འདུག ཆོས་ལུགས་ཚོགས་པ་དང་བྱ་འགུལ་སྤེལ་ས་མང་པོས་དྲ་ཚིགས་བཙུགས་ཡོད་པ་དང་། ཀྲུང་གོ་དབྱི་སི་ལན་མཐུན་ཚོགས་ཀྱིས་རྒྱ་ཡིག་དང་ཡུ་གུར་སྐད་ཀྱི་དྲ་ཚིགས་ཀྱི་སྒོ་ཕྱེ་ཡོད།

ཆོས་ལུགས་སློབ་གསོའི་མ་ལག་སྔར་ལས་འཐུས་ཚང་བ། 2017ལོའི་ཟླ9པའི་བར་དུ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཆོག་མཆན་བཀོད་དེ་བཙུགས་པའི་ཆོས་ལུགས་སློབ་གླིང་བསྡོམས་པས91ཡོད་ལ། དེར་སངས་རྒྱས་ཆོས་ལུགས་ཀྱི་སློབ་གླིང41དང་ཏའོ་ཅའོ་ཆོས་ལུགས་ཀྱི་སློབ་གླིང10། དབྱི་སི་ལན་གྱི་སློབ་གླིང10། གནམ་བདག་ཆོས་ལུགས་ཀྱི་སློབ་གླིང9དང་ཡེ་ཤུའི་ཆོས་ལུགས་ཀྱི་སློབ་གླིང21བཅས་འདུས། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང6ཡོད་པ་ནི་སོ་སོར་ཀྲུང་གོ་ནང་བསྟན་སློབ་གླིང་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་སློབ་གླིང་། ཀྲུང་གོ་དབྱི་སི་ལན་ཆོས་ལུགས་སློབ་གླིང་། ཀྲུང་གོ་གནམ་བདག་ཆོས་ལུགས་སློབ་གླིང་། ཅིན་ལིན་ཞེ་ཧོ་ལྷ་རིག་སློབ་གླིང་བཅས་སོ། ། ཆོས་ལུགས་སློབ་གླིང་དུ་ཡོད་པའི་སློབ་མ་ཁྲི1ལྷག་ཡོད་ལ། སྐབས་རིམ་པའི་མཐར་ཕྱིན་སློབ་མ་བསྡོམས་པས་ཁྲི4.7ལྷག་ཡོད།

ཆོས་ལུགས་ལས་བཟོ་པའི་སྤྱི་ཚོགས་འགན་སྲུང་སྔར་ལས་ཆེ་བ། 2010ལོར་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་གྱིས《ཆོས་ལུགས་ལས་བཟོ་པའི་སྤྱི་ཚོགས་འགན་སྲུང་གི་གནད་དོན་ལེགས་པར་ཐག་གཅོད་པའི་ཐད་ཀྱི་བསམ་ཚུལ》ཞེས་པ་སྤེལ་ཅིང་། 2011ལོར་ཡང་མཉམ་འབྲེལ་གྱིས《ཆོས་ལུགས་ལས་བཟོ་པའི་སྤྱི་ཚོགས་འགན་སྲུང་གི་གནད་དོན་སྔར་ལས་ལེགས་པར་ཐག་གཅོད་པའི་ཐད་ཀྱི་བརྡ་སྦྱོར》ཞེས་པ་སྤེལ་ནས། ཆོས་ལུགས་ལས་བཟོ་པ་སྤྱི་ཚོགས་འགན་སྲུང་མ་ལག་ཏུ་འཇུག་པའི་མགོ་བརྩམས། 2013ལོའི་ལོ་མཇུག་བར་དུ། ཆོས་ལུགས་ལས་བཟོ་པ་སྨན་བཅོས་འགན་སྲུང་དུ་ཞུགས་ཚད་ནི96.5%ལ་སླེབས་ཤིང་། རྒན་གསོ་འགན་སྲུང་དུ་ཞུགས་ཚད་ནི89.6%ལ་སླེབས། ཆ་རྐྱེན་དང་མཐུན་པ་ཐམས་ཅད་མ་མཐའི་འཚོ་བའི་འགན་སྲུང་དུ་ཞུགས་ཡོད་པས། སྤྱི་ཚོགས་འགན་སྲུང་གི་མ་ལག་ཧ་ལམ་ཕྱོགས་ཡོངས་སུ་ཁེབས་པར་གྱུར་ཡོད།

དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བྱ་འགུལ་གོ་རིམ་དང་ལྡན་པར་སྤེལ་བ། སྤྱི་དམངས་ཀྱིས་ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཆོས་ལུགས་གོམས་སྲོལ་ལྟར་རང་ཁྱིམ་ནས་སྤེལ་བའི་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ཐམས་ཅད། དཔེར་ན་ཕྱག་འཚལ་བ་དང་སྨྱུང་གནས་སྲུང་བ། མཆོད་མཇལ་བྱེད་པ། གསོལ་བ་འདེབས་པ། གཞུང་བཤད་པ། ལུགས་བཤད་པ། ཆོས་འདོན་པ། མཆོད་འབུལ། བྱབས་ཁྲུས་བྱེད་པ་དང་སྡོམ་པ་ལེན་པ་ལྟ་བུ་སོགས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པས། རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་ཐེ་གཏོགས་བྱེད་མི་ཆོག བོད་བརྒྱུད་ནང་བསྟན་དགོན་པའི་སློབ་གཉེར་དང་རྩོད་པ། སྡོམ་པ་ལེན་པ། དབང་སྐུར་དང་ཉམས་ལེན་སོགས་སྲོལ་རྒྱུན་གྱི་བྱ་འགུལ་དང་དགོན་པའི་རྒྱུགས་ལེན་དང་བསླབ་གནས་འཕར་བའི་བྱ་འགུལ་སོགས་རྒྱུན་ལྡན་དུ་སྤེལ་བ་དང་། ཆོས་ལུགས་དུས་ཆེན་གྱི་སྐབས་དང་འཕྲད་ཚེ་སྲོལ་ལྟར་ཆོས་ལུགས་བྱ་འགུལ་སྣ་ཚོགས་སྤེལ་བ། མུའུ་སི་ལིན་གྱི་བཟའ་བཏུང་དང་གྱོན་ཆས། དུས་ཆེན། གཉེན་སྒྲིག་དང་འདས་མཆོད་སོགས་ཀྱི་ལུགས་སྲོལ་ལ་བརྩི་བཀུར་གང་ལེགས་ཐོབ་ཡོད། ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་ལོ་རྒྱུན་དུ་མུའུ་སི་ལིན་སོ་ཏི་ལ་མཇལ་སྐོར་དུ་འགྲོ་བའི་བྱ་འགུལ་རྩ་འཛུགས་བྱེད་པ་དང་། 2017ལོ་ནས་ལོ་རེར་མཇལ་སྐོར་དུ་འགྲོ་མཁན་ཁྲི1ཡན་ལ་སླེབས་ཡོད།

ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་ལྡན་སྒྲིག་ལམ་ལ་གཏོར་བརླག་བཟོ་བའི་བྱ་སྤྱོད་ལ་ཡོ་བསྲང་ཐོབ་པ། 2012ལོ་ནས་བཟུང་། འབྲེལ་ཡོད་སྡེ་ཁག་གིས《ནང་བསྟན་གྱི་དགོན་པ་དང་ཏའོ་ཅའོ་ཆོས་ཁང་གི་དོ་དམ་དང་འབྲེལ་བའི་གནད་དོན་ཐག་གཅོད་པའི་སྐོར་གྱི་བསམ་འཆར》ལ་གཞིགས་ནས། མཉམ་འབྲེལ་གྱིས་ལྟ་སྐུལ་བརྟག་དཔྱད་དང་གཅིག་བསྡུས་ཀྱིས་ཆོས་ལུགས་བྱ་འགུལ་སྤེལ་སའི་སྣང་ཚུལ་ཡ་མ་བརླ་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ། 2017ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་སོགས་སྡེ་ཁག12ཀྱིས《ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བའི་གནད་དོན་སྔར་ལས་བཅོས་སྐྱོང་བྱེད་པའི་ཐད་ཀྱི་བསམ་འཆར་འགའ》ཞེས་པ་བཟོས་ཤིང་སྤེལ་ནས། ཚོང་ལས་མ་རྩ་དེ་ཆོས་ལུགས་བྱ་འགུལ་སྤེལ་སར་སིམ་པ་གཏན་འགོག་དང་། ཆོས་ལུགས་ལ་ཁ་གཡར་ནས་རྒྱུ་ནོར་གསོག་པ་སོགས་ཀྱི་བྱ་སྤྱོད་ཀྱིས་ཆོས་ལུགས་བྱ་འགུལ་གྱི་རྒྱུན་ལྡན་སྒྲིག་ལམ་ལ་གཏོར་བརླག་གཏོང་བ་སྔོན་འགོག་བྱས། འབྲེལ་ཡོད་སྡེ་ཁག་གིས་སྦྲེལ་དྲའི་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་བསྣན་ཅིང་། དུས་ཐོག་ཏུ་ཆོས་ལུགས་དང་འབྲེལ་བའི་ཁྲིམས་འགལ་ཆ་འཕྲིན་ཐག་གཅོད་པ་དང་ཆོས་ལུགས་སྡེ་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།

བཞི། ཆོས་ལུགས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

ཀྲུང་གོས་ཆོས་ལུགས་སོ་སོ་དུས་བསྟུན་མདུན་སྐྱོད་ཡོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་བསྔགས་སྐུལ་བྱས་ཏེ། དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་འཆམ་མཐུན། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་ཡར་སྐུལ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།

ཆོས་དོན་ཆོས་ཁྲིམས་ཀྱི་ཐད་ལ་རྒྱལ་ཁབ་ཀྱི་གནས་བབ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་སྒོ་ནས་ཧུར་ཐག་གིས་འཆད་འགྲེལ་བྱས་པ། ཀྲུང་གོའི་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། སྔོན་ནས་བཟུང་ཀྲུང་གོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་མཉམ་འདྲེས་བྱུང་སྟེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་དང་འཕྲོད་མོ་མཐུན་པོ་ཡིན་པའི་ཁྱད་ཆོས་ལྡན་ཡོད། ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ཏུ་བསྟར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཆོས་ལུགས་ཀྱི་བསམ་བློ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད། གཞི་རྩའི་དད་པ་དང་། ཆོས་དོན་གཙོ་བོ། གུས་སྲོལ་ལམ་ལུགས་བཅས་རྒྱུན་སྲུང་བྱེད་པ་དང་ཆབས་ཅིག ནང་བསྟན་ཆོས་ལུགས་ལས་རིགས་དང་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་ཆོས་འཆད་པའི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་“ཆོས་འཆད་འགྲེལ”གྱི་ལས་དོན་སྤེལ་བ། གནམ་བདག་ཆོས་ལུགས་ལས་རིགས་ཀྱིས་དམངས་གཙོའི་ཆོས་གཉེར་ལ་སྐུལ་འདེད་གཏོང་བ། ཡེ་ཤུའི་ཆོས་ལུགས་ལས་རིགས་ཀྱིས་ལྷ་རིག་པའི་བསམ་བློ་འཛུགས་སྐྱོང་སྤེལ་བ་བཅས་བྱས་ནས་ཆོས་ལུགས་ཀྱི་དགོངས་དོན་དང་འདུལ་ཁྲིམས་ཐད་རྒྱལ་ཁབ་ཀྱི་གནས་བབ་དང་མཐུན་ཞིང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་འཆད་འགྲེལ་ཧུར་ཐག་བྱས་ཡོད། ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་དང་ཆོས་གཅེས་ཟུང་འབྲེལ་བྱས་ཏེ། མངོན་སུམ་འཇིག་རྟེན་གྱི་གནད་དོན་དང་ཚེ་འདིའི་ལས་ལ་ལྷག་པར་གཙིགས་འཛིན་དོ་སྣང་བྱས་ནས། ཆོས་སྤེལ་འགྲོ་ཕན་དང་། སྤྱི་ཕན་དགེ་སྒྲུབ། རིག་གནས་སྤེལ་རེས་བཅས་ལ་སྔར་བས་གཙིགས་ཆེན་བྱེད་ཀྱིན་ཡོད། ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་གནས་ལུགས་ལ་བརྩི་བཀུར་དང་ཀུན་སྤྱོད་གོང་དུ་བཀུར་ཞིང་། སྤྱོད་ལམ་གནས་ལུགས་རང་བྱུང་ཁམས་ལ་བསྟུན་པ། བྱ་བྲལ་དབེན་གནས། འདོད་ཆུང་ཆོག་ཤེས། བབ་ཆགས་ཚུལ་གནས་སོགས་ཀྱི་ཆོས་ལུགས་ཀྱི་དགོངས་དོན་གཞན་བསྒྱུར་དང་དར་འཕེལ་ལ་ཤིན་ཏུ་གཞོལ་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་རོགས་འདེགས་བྱེད་ཀྱིན་ཡོད། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་ཆོས་ཀྱི་དགོངས་དོན་འགྲེལ་བཤད་ཁྲོད་རྒྱལ་གཅེས་དང་། ཞི་བདེ། མཐུན་སྒྲིལ། བཟོད་སྒོམ། བཏང་སྙོམས་དབུས་ལམ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་རྒྱུར་ཤིན་ཏུ་གཙིགས་ཆེན་བྱས་པར་བརྟེན། དད་པ་ཡང་དག་འཛུགས་རྒྱུ་དང་། ཡིན་མིན་གསལ་འབྱེད། ཁ་བྲལ་ལ་ངོ་རྒོལ། ཆོས་ལུགས་ཀྱི་ཐལ་དྲགས་རིང་ལུགས་བཀག་འགོག་བྱེད་པ་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། གནམ་བདག་ཆོས་ལུགས་ལས་རིགས་ཀྱིས་ཧུར་ཐག་སྒོས་ཆོས་ཚོགས་རང་ས་ཅན་ལ་སྐུལ་འདེད་བཏང་ནས། ཆོས་ཚོགས་ལས་དོན་གྱི་དོ་དམ་དང་གནད་དོན་གལ་ཆེན་གྱི་ཇུས་ཆོད་སྟེང་དུ“དམངས་གཙོའི་ཆོས་གཉེར”ལག་བསྟར་བྱེད་ཀྱིན་ཡོད། ཡེ་ཤུའི་ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོའི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་བྱས་ནས། ཡེ་ཤུའི་ཆོས་པ་དང་ཆོས་དད་པ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་ཐུབ་པར་སྐུལ་འདེད་བཏང་སྟེ། ཡེ་ཤུའི་ཆོས་ལུགས་དེ་ལས་བཟང་པོའི་སྒོ་ནས་དེང་རབས་ཀྲུང་གོའི་སྤྱི་ཚོགས་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་།

སྤྱི་ཕན་དགེ་སྒྲུབ་བྱ་འགུལ་ཧུར་ཐག་གིས་སྤེལ་བ། 2012ལོ་ནས་བཟུང་། ཆོས་ལུགས་ལས་རིགས་ཀྱིས《ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་འགུལ་གཉེར་རྒྱུར་བསྔགས་སྐུལ་དང་ཚད་ལྡན་གཏོང་བའི་སྐོར་གྱི་བསམ་འཆར》གཞིར་བཟུང་ནས། ལོ་རེ་རེར“ཆོས་ལུགས་དགེ་སྒྲུབ་གཟའ་འཁོར”གྱི་བྱ་འགུལ་སྤེལ་ནས་ཞལ་འདེབས་དངུལ་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར10ལས་བརྒལ་ཡོད། ཝུན་ཁྲོན་ཁྲི་ཚང་ས་འགུལ་སོགས་ཀྱི་གོད་ཆག་ཚབས་ཆེན་ནང་གེགས་སེལ་གསོལ་འདེབས་སྨོན་ལམ་གྱི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། སྟོབས་ཤུགས་གཅིག་སྡུད་བྱས་ནས་ཀུའེ་ཀྲོའུ་ཞིང་ཆེན་སན་ཏུའུ་ཧྲུའེ་རིགས་རང་སྐྱོང་རྫོང་དབུལ་ཐར་བྱེད་རྒྱུར་རོགས་རམ་བྱས་པ།བྱེད་སྟངས་སྣ་ཚོགས་ཀྱི་ཐོག་ནས་ཞལ་འདེབས་བརྒྱབ་སྟེ་སློབ་གཉེར་རོགས་སྐྱོར་བྱས་པ། ཆེད་ལས་སྨན་བཅོས་ལས་ཁུངས་ནས་དམངས་ཕན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་རོགས་དངུལ་བཏང་ཞིང་། དཀའ་ཁག་ཡོད་པའི་ཚོགས་སྤྱིར་སྨན་བཅོས་རོགས་སྐྱོབ་བྱེད་པར་མ་དངུལ་ཞལ་འདེབས་བརྒྱབ་པ་དང་། བྱེད་སྟངས་སྣ་མང་གི་ཐོག་ནས་རྒན་རྒོན་ལ་བསྙེན་བཀུར་ཞུ་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ། རྒན་གསོ་ཁང་གསར་འཛུགས་བྱས་པ་དང་དབང་པོ་སྐྱོན་ཅན་གྱི་ལུས་ཁམས་སླར་གསོ་ས་ཚིགས་བཙུགས་པར། བསྡོམས་རྩིས་རགས་ཙམ་བྱས་ན། ཆོས་ལུགས་ལས་རིགས་ཀྱིས་བསྡོམས་པས་རྒན་གསོ་ཁང400ལྷག་གཉེར་བ་དང་དེ་ལ་ཉལ་ཁྲིའི་གྲངས་ཀ་ཧ་ལམ་ཁྲི་ཚོ2.9ཙམ་ཡོད་པ། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དར་སྤེལ་བཏང་ནས། ནང་བསྟན་ཆོས་ལུགས་ལས་རིགས་དང་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས“ཡ་རབས་གུས་མཆོད”དང“ལུགས་མཐུན་ཚེ་ཐར”གཏོང་བའི་བྱ་འགུལ་སྤེལ་ནས་ཚོང་ལས་མ་འདྲེས་པའི་སྐྱེ་ཁམས་དགོན་པ་དང་ལྷ་ཁང་རྣམ་དག་བསྐྲུན་ཡོད།

རང་རྟོགས་སྒོས་ཐལ་དྲགས་རིང་ལུགས་བཀག་འགོག་བྱས་པ། ཆོས་ལུགས་ཀྱི་ཐལ་དྲགས་བསམ་བློས་འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་གྱི་ཐུན་མོང་ཚད་མཐའ་ལ་འགྲན་སློང་བྱེད་པར་ཁ་ཕྱོགས་ནས། ཆོས་ལུགས་ལས་རིགས་ཀྱིས་དར་ཆ་གསལ་སྒྲེང་གི་སྒོ་ནས་ཐལ་དྲགས་རིང་ལུགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། ཆོས་ལུགས་ཀྱི་མིང་ཐོག་ནས་གཏུམ་སྤྱོད་འཇིགས་སྐུལ་དང་མི་རིགས་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། དད་པ་ཡང་དག་དང་སྤྱོད་པ་ཡང་དག་ཤུགས་ཆེན་པོས་དར་སྤེལ་བཏང་ཡོད། 2013ལོའི་ཟླ་དང་པོར། རྒྱ་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན།

(1)ལྷོ་བརྒྱུད་ནང་བསྟན་བཅས་སྐད་རིགས་མི་འདྲ་བའི་ཆོས་བརྒྱུད་ཆེ་གྲས་གསུམ་གྱི་བླ་མ་སྐྱེས་ཆེན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་ཚོགས་འདུ་འཚོགས་ནས། ནང་བསྟན་ལས་རིགས་ཀྱི་མི་སྣ་ཚང་མས་ཧུར་ཐག་གིས་ཀུན་ནས་བསླངས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཡང་དག་པའི་ཆོས་ལུགས་ཀྱི་ཚེ་སྲོག་གི་ལྟ་བ་སྒྲོག་འགྲེལ་བྱས་ནས། ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་དང་སྡོམ་ཁྲིམས་ལས་འགལ་ཏེ་མི་གཞན་རང་སྲེག་བྱེད་དུ་བཅུག་པའམ་ཡང་ན་རང་སྲེག་ངན་སྐུལ་གྱི་ཐལ་དྲགས་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་འབོད་སྐུལ་བྱས་ཡོད། 2014ལོའི་ཟླ5པར་ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས《བཏང་སྙོམས་དབུས་ལམ་བརྟན་སྲུང་གིས།ཐལ་དྲགས་མཐའ་ལྷུང་རིང་དུ་སྤོངས》ཞེས་པའི་གྲོས་འདོན་ཡི་གེ་བཏོན་པ་དང་། རྒྱལ་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་གྲགས་ཅན་མི་སྣས་ཐུན་མོང་ཐོག་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་འགུལ་ལ་མཉམ་དུ་རྒོལ་གཏམ་དྲག་པོ་བཏང་བ་རེད།

2016ལོའི་ཟླ7པར། ཀྲུང་ཧྭ་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་དང་མཉམ་དུ་ཞིན་ཅང་ཝུའུ་ལུམ་ཆི་རུ་དབྱི་སི་ལན་ཆོས་ལུགས་ཀྱི་བཏང་སྙོམས་དབུས་ལམ་བསམ་བློའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། བཏང་སྙོམས་ལུགས་ཀྱི་བསམ་བློ་དར་སྤེལ་བཏང་བ་དང་ཐུན་མོང་ཐོག་ཐལ་དྲགས་རིང་ལུགས་ལ་ངོ་རྒོལ་བྱས་ཡོད། 2017ལོའི་ཟླ12པར། ཀྲུང་གོའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་མཉམ་འབྲེལ་ཐོག་གྲོས་མགོ་བཏོན་ནས། ཆོས་ལུགས་ལས་རིགས་ཀྱི་ལེགས་ཉེས་གསལ་འབྱེད་ནུས་པ་ཆེ་རུ་བཏང་ཞིང་ལོག་ཆོས་ཀྱི་གནོད་འཚེ་འགོག་ཟོན་དང་བཀག་འགོག་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲུང་གོས་ཏང་དང་སྲིད་གཞུང་དང་ཆོས་ལུགས་བར་དང་། སྤྱི་ཚོགས་དང་ཆོས་ལུགས། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བ། ཀྲུང་གོའི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས། དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་སོགས་ཀྱི་འབྲེལ་བ་སྣ་མང་འོས་འཚམ་གྱིས་ཐག་གཅོད་ཡག་པོ་བྱས་པས། དགེ་མཚན་ལྡན་ལ་སྐྱོན་བྲལ་ཡིན་པའི་ཆོས་ལུགས་འབྲེལ་བ་ཆགས་ཡོད།

ཏང་དང་སྲིད་གཞུང་དང་ཆོས་ལུགས་ལས་རིགས་ཀྱི་འབྲེལ་བ་འཆམ་མཐུན་མཉམ་འདྲེས་ཡོད་པ། ཀྲུང་གོ་གུང་ཁྲན་ཏང་གིས“ཆབ་སྲིད་ཀྱི་སྟེང་ནས་མཐུན་སྒྲིལ་མཉམ་ལས་དང་དད་པའི་སྟེང་ནས་ཕན་ཚུན་བརྩི་འཇོག”གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་ལས་རིགས་དབར་གྱི་འབྲེལ་བ་ཐག་གཅོད་བྱས་པ་དང་། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། མིག་སྔར། ཀྲུང་གོར་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁྲི་ཚོ2ཙམ་གྱིས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འཐུས་མི་དང་ཨུ་ཡོན་གྱི་འགན་བཞེས་ནས་ཡོད་ལ། ཧུར་ཐག་གིས་སྲིད་ཞུགས་སྲིད་གླེང་བྱེད་པ་དང་དམངས་གཙོའི་ལྟ་སྐུལ་ལག་བསྟར་བྱེད་བཞིན་ཡོད། 1991ལོ་ནས་མགོ་བརྩམས་ཏེ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་ལོ་རེ་བཞིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཁོང་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན་གྱིན་ཡོད། རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་མི་སྣའི་མཐུན་འབྲེལ་གྲོགས་སྒྲིག་གི་ནང་རྐྱེན་ལམ་སྲོལ་ཡོངས་ཁྱབ་ཏུ་བཙུགས་པར་བརྟེན། ཤེས་རྟོགས་རྒྱུས་ལོན་གཏིང་ཟབ་དང་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ཡོད།

སྤྱི་ཚོགས་ཀྱིས་ཆོས་ལུགས་ལ་བཟོད་སྒོམ་དཀྱེལ་ཡངས་བསྟུན་མཁས་ཀྱི་རྣམ་འགྱུར་འཛིན་པ། ལོ་ངོ་སྟོང་ཕྲག་གཉིས་ཙམ་གྱི་རིང་ལ། ནང་བསྟན་ཆོས་ལུགས་དང་། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་སྔ་རྗེས་སུ་ཀྲུང་གོར་དར་ཡོང་བ་དང་། ཆོས་ལུགས་རྒྱབ་ལྗོངས་སུ་བྱེད་པའི་གདོང་ཐུག་དང་ཁ་གཏད་དུ་ལངས་པའི་འགོག་རྒོལ་གནས་ཚུལ་ཤིན་ཏུ་ཐོན་ཉུང་བ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཆོས་ལུགས་སྣ་ཚོགས་དང་རྣམ་པ་སྣ་མང་གི་དམངས་ཁྲོད་དད་པར་ལྷོད་ཡངས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་བས། ཆོས་ལུགས་དད་མོས་རང་དབང་དང་དམངས་ཁྲོད་ཀྱི་དད་པའི་སྣ་མང་རང་བཞིན་ལ་བརྩི་འཇོག་ཐོབ་ཡོད། ཆོས་ལུགས་སོ་སོས་དུས་ཡུན་རིང་པོའི་ནང་གི་ཀྲུང་གོ་ཅན་དང་རང་ཡུལ་ཅན་གྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བཏང་ནས། རང་འགུལ་ངང་སྤྱི་ཚོགས་དང་འཕྲོད་མཐུན་བྱས་པ་དང་། རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཆམ་མཐུན་དཀྱེལ་ཡངས་བསྟུན་མཁས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ཐམས་ཅད་སྲུང་སྐྱོང་བྱས་ནས། སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད། 2016ལོར། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་ས་གནས་སོ་སོ་རུ་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ71འཁོར་བར་དྲན་གསོ་ཞུ་བའི་ཞི་བདེའི་སྨོན་ལམ་བྱ་འགུལ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་བརླིང་སྲུང་སྐྱོང་བྱེད་པ་དང་འཛམ་གླིང་ཞི་བདེ་ཡོང་བར་རེ་འབོད་བྱས།

ཆོས་ལུགས་སོ་སོས་ཧུར་ཐག་གིས་སྤེལ་རེས་དང་སྐད་ཆ་གླེང་མོལ་བྱས་པ། ལོ་རྒྱུས་ཐོག་ཆོས་ལུགས་མི་འདྲ་བ་སོ་སོ་ཀྲུང་གོར་མཉམ་འདྲེས་མཉམ་གནས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ། ཀྲུང་གོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་ལྡན་པའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། དེང་གི་དུས་འདིར། ཆོས་ལུགས་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ་ཁ་བརྡ་གླེང་མོལ་དང་སྤེལ་རེས་བྱས་དང་བྱེད་ཀྱིན་ཡོད་ཅིང་།“ཆོས་ལུགས་རིགས་ལྔ་མཉམ་དུ་དར་སྤེལ་བཏང་ནས།ཐུན་མོང་ཐོག་འཆམ་མཐུན་ལ་གཞོལ་བ”ཡི་གོ་རྟོགས་མཐོ་བའི་ཡུལ་ཁམས་གསར་པ་ཞིག་བཏོད་ཡོད། རྒྱལ་ཡོངས་རང་བཞིན་དང་ས་གནས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁ་ཤས་ཀྱིས་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ནང་རྐྱེན་བཙུགས་ནས། ཆོས་ལུགས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གྲོས་མོལ་དང་ཕན་ཚུན་མཐུན་སྦྱོར་སྦྲེལ་མཐུད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་གླེང་མོལ་བྱེད་ཐབས་རྣམ་པ་བཏོད་ཅིང་། ཕན་ཚུན་དབར་གུ་ཡངས་བསམ་ཤེས་དང་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ཡོད།

ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་རྒྱ་ཁྱབ་ངང་སྤེལ་བ། རང་ཚུགས་རང་བདག་དང་། འདྲ་མཉམ་མཛའ་གྲོགས། ཕན་ཚུན་བརྩི་འཇོག་བཅས་བྱེད་པའི་རྨང་གཞིའི་སྟེང་། ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ80ལྷག་ལས་བརྒལ་བའི་ཆོས་ལུགས་རྩ་འཛུགས་ལ་མཛའ་མཐུན་འབྲེལ་བ་བཙུགས་ནས་དཔལ་ཡོན་དང་། དད་མོས། ཆོས་ལུགས་མི་འདྲ་བ་དང་འབྲེལ་བ་དམ་པོ་ཡོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་ཚོགས་ལ་ཧུར་ཐག་གིས་ཞུགས་པ་དང་། འཛམ་གླིང་ཡེ་ཤུའི་ཆོས་ལུགས་ཆོས་ཚོགས་ཀྱི་མཉམ་འབྲེལ་ཚོགས་འདུ་དང་། འཛམ་གླིང་གི་ནང་བསྟན་ཆོས་དད་པའི་མཐུན་འབྲེལ་ཚོགས་འདུ། དབྱི་སི་ལན་གྱི་འཛམ་གླིང་མནའ་འབྲེལ། འཛམ་གླིང་ཆོས་ལུགས་པའི་ཞི་བདེའི་ཚོགས་འདུ་ལ་སོགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་རྩ་འཛུགས་ཀྱི་བྱ་འགུལ་མང་པོའི་ནང་ཧུར་ཐག་གིས་ཞུགས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་ནང་ཞུགས་པ་བཅས་གང་ནུས་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་ཧུར་ཐག་གིས་དང་ལེན་ཞུས་ཏེ། དམངས་སེམས་མཉམ་མཐུན་དང་རིག་གནས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་། ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་བཞི་པ་སྒྲུབ་གཉེར་བྱས་པ་དང་། ཏའོ་ཅའོ་ཆོས་ལུགས་ཀྱིས་རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་བཞི་པ་གཉེར་ཡོད། གླེང་སྟེགས་འདི་གཉིས་ཀ་རྒྱལ་ཁབ་ཕྱི་ནང་གི་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད།

ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་སོ་སོར2012ལོ་དང2014ལོར་ཐུར་ཁེ་དང་མ་ལེ་ཞི་ཡར་བསྐྱོད་དེ་དབྱི་སི་ལན་རིག་གནས་འགྲེམ་སྟོན་བྱ་འགུལ་གཉེར། ཀྲུང་གོ་དང་ཨ་རིའི་ཡེ་ཤུའི་ཆོས་ཚོགས་ཀྱིས2013ལོར་ཧྲང་ཧའེ་རུ་“སྐབས་གཉིས་པའི་ཀྲུང་གོ་དང་ཨ་རིའི་ཡེ་ཤུའི་ཆོས་ལུགས་ཀྱི་གཙོ་འཛིན་གླེང་སྟེགས”གཉེར་བ་དང་། 2017ལོར་ཨ་རིར“ཀྲུང་གོའི་ཆོས་ཚོགས་ལས་དོན”གྱི་སྤེལ་རེས་ཚོགས་འདུ་འཚོགས་པ་རེད། 2016ལོར་ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་དང་། ཀྲུང་གོ་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་རྒྱལ་གཅེས་ཚོགས་པ་དང་ཆོས་དཔོན་གཙོ་བོའི་ཚོགས་པ་བཅས་ཀྱིས་མཉམ་དུ་འཇར་མན་གྱི་གསར་ཐོན་ཆོས་ལུགས་མནའ་འབྲེལ་དང་མཉམ་སྡེབ་ཀྱིས་འཇར་མན་ནས“ཀྲུང་འཇར་ཆོས་ལུགས་གླེང་མོལ——ཞི་བདེ་དང་མཉམ་སྤྱོད”ཅེས་པའི་ཆོས་ལུགས་བརྒལ་འདས་གླེང་མོལ་བྱས། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ། ཆོས་ལུགས་ཚོགས་པ་སོ་སོས་འདེམ་མངག་བྱས་པའི་ཕྱི་འགྲིམ་སློབ་མ་སྟོང་ཕྲག་ལས་བརྒལ་ཡོད།

དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་འཆམ་མཐུན་མཉམ་གནས་ཡོད་པ། དད་མེད་མང་ཚོགས་ཀྱིས་དད་ལྡན་མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་བྱས་ནས། དད་ལྡན་མང་ཚོགས་ལ་མཐོང་ཆུང་དང་ཟུར་འབུད་བྱེད་མི་རུང་། དད་ལྡན་མང་ཚོགས་ཀྱིས་དད་མེད་མང་ཚོགས་ཀྱི་ཆོས་དད་གདམ་གསེས་ལ་བརྩི་འཇོག་བྱེད་དགོས། སྤྱི་དམངས་མང་ཆེ་བས་ཆོས་ལ་དད་པ་མི་བྱེད་པའི་ས་ཆར། གྲངས་ཉུང་གི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས། སྤྱི་དམངས་མང་ཆེ་བས་ཆོས་ལ་དད་པ་བྱེད་པའི་ས་ཆར། གྲངས་ཉུང་གི་དད་མེད་མང་ཚོགས་ཀྱི་ཁེ་དབང་ལ་ཡང་དེ་མཚུངས་སུ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས།

ཆོས་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་གྱི་ཕན་ཚུན་འབྲལ་ཐབས་མེད་པའི་གྲུབ་ཆ་ནུས་ལྡན་ཞིག་ཡིན་པས། ཆོས་ལུགས་དད་མོས་རང་དབང་འགན་སྲུང་དང་ཆོས་ལུགས་ཀྱི་འབྲེལ་བ་འོས་འཚམ་གྱིས་ཐག་གཅོད་ཡག་པོ་བྱས་ནས། ཆོས་ལུགས་རང་ཉིད་དུས་རབས་དང་འཚམ་པོ་མཐུན་པོ་ཡོང་བར་བྱེད་པ་དང་། ཆོས་ལུགས་ཐལ་དྲགས་རིང་ལུགས་བཀག་འགོག་བྱ་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པ་རེད། ཀྲུང་གོས་ཆོས་ལུགས་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཆོས་ལུགས་བྱ་བའི་དོན་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་མཐའ་དག་བསྡུ་ལེན་བྱས་ཤིང་། ཁྲིམས་ལྟར་ཆོས་ལུགས་དད་མོས་རང་དབང་འགན་སྲུང་དང་། ཆོས་ལུགས་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ལེགས་འགྲུབ་འགྲོ་ལམ་ཡག་པོ་ཞིག་ཏུ་བསྐྱོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་ཀྱང་འདི་ལྟར་གསལ་པོར་བསྟན་ཡོད་དེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཕན་ཚུན་འཕྲོད་མོ་མཐུན་པོ་ཡོང་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། ཀྲུང་གོས་སྔོན་ཆད་ནང་བཞིན་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་མཐའ་གཅིག་ཏུ་བརྩི་འཇོག་དང་འགན་སྲུང་བྱས་ནས། སྟོབས་འབྱོར་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཧུར་བརྩོན་གྱིས་བསྐྲུན་རྒྱུ། །

(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ4པའི་ཚེས3ཉིན་འབྱོར་བའི་གློག་འཕྲིན།)

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།