རྒྱབ་ཤ་དཀར་པོའི་དེབ་ནང་ཕྱི་རྒྱལ་བས་རང་རྒྱལ་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་སྤྱི་ཟླ་4 བའི་ཚེས་3ཉིན་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་3 ཉིན་《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་ཤིང་། དེབ་དེའི་ནང་ཕྱི་རྒྱལ་བས་རང་རྒྱལ་གྱི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པར། 《ཕྱི་རྒྱལ་བས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྤེལ་བའི་ཆོས་ལུགས་བྱེད་སྒོ་དོ་དམ་བྱེད་ཐབས་སྐོར་གྱི་གཏན་འབེབས》ཞེས་པ་ལྟར། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོའི་མངའ་ཁོངས་ཀྱི་ཕྱི་རྒྱལ་བའི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་། ཕྱི་རྒྱལ་བས་ཆོས་ལུགས་ཐད་ནས་ཀྲུང་གོའི་ཆོས་ལུགས་པའི་སྡེ་ལ་མཛའ་མཐུན་འགྲོ་འོང་དང་རིག་གནས་རིག་གཞུང་བརྗེ་རེས་བྱེད་སྒོ་སྤེལ་བར་སྲུང་སྐྱོང་། ཕྱི་རྒྱལ་བ་ཀྲུང་གོའི་མངའ་ཁོངས་ནས་དགོན་སྡེ་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་པ། དབྱི་སི་ལན་ཆོས་ཁང་། ཆོས་ཁང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ས་རུ་ཆོས་ལུགས་བྱེད་སྒོར་ཞུགས་ཆོག་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཡན་གྱི་ཆོས་ལུགས་ཚོགས་པས་གདན་ཞུས་ལྟར་ཆོས་འཆད་ཆོག་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁས་བླངས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ནས་ཕྱི་རྒྱལ་བ་ཞུགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཆོག ཀྲུང་གོའི་ཆོས་ལུགས་མི་སྣ་གདན་དྲངས་ནས་བྱབས་ཁྲུས་དང་གཉེན་སྟོན། དུར་འཇུག་མཛད་སྒོ། གཤིན་པོའི་དགེ་སྒྲུབ་སོགས་ཆོས་ལུགས་མཛད་སྒོ་སྤེལ་ཆོག་པ་དང་། གཏན་འབེབས་དང་མཐུན་པའི་ཆོས་ལུགས་ཀྱི་པར་སྐྲུན་དངོས་པོ་དང་། ཆོས་ལུགས་སྒྲ་གཟུགས་པར་སྐྲུན་དངོས་པོ། ཆོས་ལུགས་ཡོ་བྱད་གཞན་དག་སོགས་འཁྱེར་ནས་རྒྱལ་ཁོངས་སུ་ཡོང་ཆོག

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་པར། ཕྱི་རྒྱལ་བས་གཏན་འབེབས་ལྟར་ཀྲུང་གོའི་མངའ་ཁོངས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཚེ། ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་ཤིང་། ཕྱི་རྒྱལ་བ་དང་ཕྱི་རྒྱལ་གྱི་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་ནས་ཆོས་ལུགས་རྩ་འཛུགས་གསར་འཛུགས་བྱེད་པ་དང་། ཆོས་ལུགས་ལས་གཉེར་ལས་ཁུངས་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པ། ཆོས་ལུགས་སློབ་གླིང་འཛུགས་པ། གང་འདོད་དུ་ཕྱི་འགྲིམ་སློབ་མ་བསྡུ་བ་བཅས་བྱ་མི་ཆོག་ལ། ཀྲུང་གོའི་སྤྱི་དམངས་ཁྲོད་ནས་ཆོས་དད་པ་གསོ་སྐྱོང་དང་། ཆོས་ལུགས་ལས་སྒྲུབ་མི་སྣའི་འགན་འཁུར་བ། ཡང་ན་ཆོས་ལུགས་བསྒྲགས་སྤེལ་གྱི་བྱེད་སྒོ་གཞན་པ་སྤེལ་བ་བཅས་བྱ་མི་ཆོག གཞན་ད་དུང་ཕྱི་རྒྱལ་གྱི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྲུང་གོའི་མངའ་ཁོངས་ནས་ཁྲིམས་འགལ་ངང་ཆོས་ལུགས་བྱེད་སྒོར་ཞུགས་པ་དང་ཡང་ན་རོགས་དངུལ་སྤྲོད་མི་ཆོག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།